རྒན་པོ་གཱོ་དང་ཁོའི་ཁྱི་གཉིས་རྒྱ་ནག་འདྲེ་གྲོང་གི་སྒོ་སྲུང་མཐའ་མ་ཆགས།

དུས་རབས་ཉི་ཤུའི་དུས་མཇུག་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ས་གནས་མང་པོར་གྲོང་ཁྱེར་འཛུགས་སྐྲུན་དང་ཁང་པ་གསར་རྒྱག་གི་མཐོ་རླབས་འཕྱུར་ཏེ། འཆར་ཡན་གྱིས་བསྐྲུན་པའི་ལྷ་སྒྲུང་ནང་གི་འདྲེ་གྲོང་ཞེས་པ་མང་པོ་འཛུགས་སྐྲུན་བྱས་ཡོད་ཀྱང་། བར་སྐབས་ཤིག་ནས་དཔལ་འབྱོར་དཀའ་ངལ་འོག་གཞི་རྒྱ་ཆེ་བའི་ལས་གཞི་དེ་དག་གློ་བུར་དུ་མཚམས་འཇོག་དགོས་བྱུང་ཡོད།

རྒྱ་ནག་ལྷོ་རྒྱུད་གསར་ཁང་གིས་ ༢༠༡༧།༥།༣ ཉིན་སྤེལ། སྐུ་ཞབས་གཱོ་ལགས་ད་ལྟ་རང་ལོ་ ༧༥ ཡིན་པ་དང་། ཁོས་རྒྱ་ནག་གི་འཛུགས་སྐྲུན་མཐར་མ་འཁྱོལ་བའི་དེང་རབས་སྤྲོ་ཁང་གྲ་རྒྱས་པོ་འགའ་ལ་ལྟ་རྟོག་བྱེད་ཀྱིན་ཡོད། གྲོང་ཁྱེར་དེ་ནི་རྒྱ་ནག་གི་ཤར་ཕྱོགས་ཨན་ཧྥེ་མངའ་སྡེའི་ཁྲའོ་ཧྥོའི་ཁུལ་ཉེ་འགྲམ་དུ་ཡོད་པ་དང་། དེ་ནི་ཞིང་ཚད་རྨིད་ ༡༣༠༠༠༠ ཡོད་པའི་རྒྱ་ནག་གི་འདྲེ་གྲོང་(Ghost Town)ཞེས་པའི་དེང་རབས་གྲོང་ཁྱེར་འཛུགས་བསྐྲུན་ལས་གཞི་གཞི་རྒྱ་ཆེན་པོ་ཞིག་རེད།

སྐུ་ཞབས་གཱོ་ཉིན་དཀར་འདྲེ་གྲོང་གི་རྒྱལ་པོ་ལྟ་བུ་ཡིན་པ་དང་། ཁོས་འཛུགས་སྐྲུན་ལས་གཞིའི་ཡོ་བྱད་རྣམས་རྐུ་ཤོར་དུ་མ་བཅུག་པར་འདྲེ་གྲོང་དེར་ལྟ་རྟོག་བྱེད་ཀྱི་ཡོད་པ་དང་། མཚན་མོ་ཁོ་རང་རྙིང་ཧྲིལ་དུ་གྱུར་བའི་ཁང་མིག་ཆུང་ཆུང་ཞིག་གི་གྲུ་ཟུར་དུ་གཉིད་ལོག་གི་ཡོད། སྐུ་ཞབས་གཱོ་ཡིས་ ༢༠༡༡ ལོ་ནས་ཁང་སྲུང་ལས་ཀ་བྱས་ཡོད།

རྒྱ་ནག་གི་ ‘ཉི་མ་དུས་རབས་འཛུགས་སྐྲུན་ཚོགས་སྡེ’ ཞེས་པས་ ༢༠༠༩ ལོ་ནས་གྲོང་ཁྱེར་དེའི་འཛུགས་སྐྲུན་མགོ་འཛུགས་བྱས་ཡོད་ཅིང་། རྗེས་སུ་རྒྱ་ནག་གི་དཔལ་འབྱོར་ལ་གཡོ་ཁྱོམ་ཐེབས་པ་དང་། ས་གནས་དེའི་དཔལ་འབྱོར་གནས་སྟངས་ཀྱང་ཉམ་ཆག་ཏུ་ཕྱིན་པར་བརྟེན་ཏེ། འཛུགས་སྐྲུན་ལས་གཞི་དེར་མ་དངུལ་གྱི་དཀའ་ངལ་འཕྲད་དེ་ ༢༠༡༡ ལོར་ལས་གཞི་དེ་མཇུག་སྐྱོང་མ་ཐུབ་པར་མཚམགས་འཇོག་དགོས་བྱུང་ཡོད་པ་རེད།

གཞི་རྒྱ་ཆེ་བའི་ལས་གཞི་དེའི་དམིགས་ཡུལ་གཙོ་བོ་གྲོང་ཁྱེར་དེའི་འཚོ་བའི་གནས་སྟངས་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུ་ཡིན་པར་ཚོད་དཔག་བྱས་ཡོད་ཀྱང་། དཔལ་འབྱོར་དཀའ་ངལ་འོག་ ༢༠༡༡ ལོར་ཁྲའོ་ཧྥོའོ་གྲོང་ཁྱེར་གཞུང་གིས་ལས་གཞི་དེ་མཚམས་འཇོག་བྱས་ཡོད། འཛུགས་སྐྲུན་ལས་གཞི་མཚམས་འཇོག་བྱེད་སྐབས། ས་གནས་དེའི་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། སྤྱིར་ཁྲའོ་ཧྥོའོ་གྲོང་ཁྱེར་གྱི་མི་འབོར་ས་ཡ་ ༤ ཡོད་པ་ལས་མང་ཆེ་བ་གྲོང་ཁྱེར་དེའི་ཁྱིམ་མཚེས་ཧྭི་ཧྥི་(合肥)དང་བཱོ་ཧྥོའོ་(蕪湖)། མཱ་ཨན་ཧྲན་(Maanshan)གྲོང་ཁྱེར་སོགས་སུ་ཚོང་དང་ལས་ཀ་བྱེད་པར་ཁ་བཀྲམ་ཡོད་སྟབས། གནས་སྐབས་ལས་གཞི་མཚམས་འཇོག་བྱེད་དགོས་ཁེལ་ཡོད་ཅེས་བརྗོད།

‘ཉི་མ་དུས་རབས་འཛུགས་སྐྲུན་ཚོགས་སྡེ་’ཡིས་མ་དངུལ་རྒྱ་སྒོར་ས་ཡ་ ༣༠༠ (ཨ་སྒོར་ས་ཡ་ ༤༣་༥) ལྷག་སྡུད་རུབ་ཀྱིས་འགྲོ་གྲོན་བཏང་སྟེ། རྒྱ་ནག་ནང་སྐད་གྲགས་ཆེ་བའི་འདྲེ་གྲོང་གསར་རྒྱག་གི་འཆར་སྣང་བཞེངས་སྐྲུན་བྱས་ཡོད་ཀྱང་། མཐར་ལམ་ལྷོང་མ་བྱུང་བར་མཚམས་འཇོག་དགོས་བྱུང་ཡོད་པ་དང་། ད་ལྟ་རྒྱ་སྒོར་ས་ཡ་མང་པོ་བཏང་ཟིན་པའི་སྤྲོ་ཁང་དེ་ལ་བདག་ཉར་དང་བེད་སྤྱོད་གཏོང་མཁན་མ་བྱུང་བར་ཞིག་རལ་དུ་གྱུར་ཞིང་། ཁང་བརྩེགས་ཀྱི་མཐའ་འཁོར་ཡོངས་རྩ་ལྡུམ་སྐྱེས་ཁེངས་ཡོད་པ་རེད།

སྐུ་ཞབས་གཱོ་ཡིིས་འདས་པའི་ལོ་ངོ་བདུན་རིང་ཁང་མིག་སྟོང་བ་དེ་དག་ལ་ལྟ་སྲུང་བྱས་ཡོད་པ་དང་། ཁོང་ལ་ཟླ་བ་རེར་གླ་ཆ་རྒྱ་སྒོར་ ༡༨༠༠ སྤྲོད་ཀྱི་ཡོད་སྐོར་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད། སྐུ་ཞབས་གཱོ་ལ་འདུག་རོགས་ཁོ་རང་གི་ཁྱི་མ་གཏོགས་མེད་ཅིང་། ཁོས་སྤྲོ་ཁང་དེ་དག་གི་ཉེ་འགྲམ་ནས་རང་ཉིད་ལ་སྔོ་ཚལ་འདེབས་སའི་ཞིང་ཁ་ཆུང་ཆུང་ཞིག་ཀྱང་རྨོས་ཡོད་འདུག

བར་སྐབས་ཤིག་ལ་འདྲེ་གྲོང་ནི་རྒྱ་ནག་གི་སྤྲོ་ཁང་འཛུགས་སྐྲུན་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་། དེས་རྒྱ་ནག་མགྱོགས་མྱུར་ངང་གྲོང་ཁྱེར་ཅན་དུ་བསྒྱུར་བར་ཧུར་བརྩོན་བྱེད་འདོད་ཡོད་ཀྱང་། དེ་ནི་ཁོ་ཚོའི་བསམ་བློའི་ནང་གི་གྲོང་ཁྱེར་འཛུགས་བསྐྲུན་གྱི་རྨི་ལམ་ཙམ་ལས་དོན་དངོས་ཐོག་འཛུགས་བསྐྲུན་དེ་དག་ལེགས་འགྲུབ་བྱུང་མེད།
ད་ལྟ་རྒྱ་ནག་རྒྱལ་ཡོངས་སུ་མཇུག་སྐྱོང་མ་ཐུབ་པར་ལས་མཚམས་བཞག་པའི་མཁར་བསྙེགས་ཁང་བཟང་མང་པོ་ཡོད། དེ་དག་ནི་རྒྱ་ནག་ཡེ་ཅཱ་པཱོ་(Yujiapu)དང་ཐེན་ཅིན་(Tianjin)། ཁཱང་བྷ་ཧྲ་(Kangbashi)། ནང་སོག་(Inner Mongolia)། ཧྲིན་ཧྥོའོ་ (Shenfu)སོགས་མངའ་སྡེ་མང་པོའི་ནང་འགྲོ་གྲོན་ཕོན་ཆེན་པོ་བཏང་སྟེ། མཐར་མཇུག་སྐྱོང་མ་ཐུབ་པར་ལྷག་སྟེ་ད་ཆར་གཡུལ་སའི་ཁྲོད་ཀྱི་མྱ་ངམ་ཐང་ལྟར་གྱུར་ཡོད།

བསྐྱར་བཅོས།: ༢༠༡༧/༠༥/༠༦

Leave a Reply