ཡེ་ཤུ་ཆོས་སྤེལ་མཁན་ ༡༧༠ ཕྱིར་ཕུད་བཏང་འདུག

རྒྱ་ནག་གཞུང་གིས་ཅི་ལིན་ས་ཁུལ་གྱི་ཡེ་ཤུ་ཆོས་པ་ ༡༧༠ ཙམ་དམག་དོན་ལས་གཞིའི་གསང་ཉུལ་བ་ཡིན་པའི་དོགས་གཞིའི་འོག་རྒྱ་ནག་ནས་ཕྱིར་འཕུད་བཏང་ཡོད་འདུག

དེ་རིང་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཚེས་ ༡༠ ནས་ཟླ་འདིའི་ཚེས་ ༡༠ བར་པེ་ཅིན་གཞུང་གིས་བྱང་ཀོ་རི་ཡའི་མཐའ་མཚམས་སུ་འཁེལ་བའི་རྒྱ་ནག་བྱང་ཤར་ཅི་ལིན་ (Jilin) ཞིང་ཆེན་ནང་། ལྷོ་ཀོ་རི་ཡའི་ཡེ་ཤུ་ཆོས་ལུགས་སྤེལ་མཁན་དང་། ས་ཁུལ་དེའི་བྱང་ཀོ་རི་ཡའི་སྐྱབས་བཅོལ་བར་རོགས་སྐྱོར་བྱེད་མཁན་ ༡༧༠ ཕྱིར་ཕུད་བཏང་ཡོད་འདུག

གནད་དོན་དེ་ནི་ན་ནིང་ཨ་རི་དང་ལྷོ་ཀོ་རི་ཡ་མཉམ་འབྲེལ་ཐོག་མེ་ཤུགས་འཕུར་མདེལ་འགོག་སྲུང་འཕྲུལ་ཆས་ཤིག་ལྷོ་ཀོ་རི་ཡའི་ནང་འཛུགས་སྐྲུན་གྲོས་ཆོད་ (THAAD) ཞེས་པ་ཞིག་བཞག་ཡོད་སྟབས། འཕྲུལ་ཆས་དེས་རྒྱ་ནག་གི་མེ་ཤུགས་འཕུར་མདེལ་གྱི་ནུས་ཤུགས་ལ་གསང་བའི་ཉུལ་ཞིབ་བྱེད་ཀྱིན་ཡོད་སྲིད་པར་རྒྱ་ནག་གཞུང་གིས་དོགས་པ་ཟོས་པ་ཞིག་ཡིན་འདུག

འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཀེམ་ཧི་ཊི་ (Kim Hee-Tae) ལགས་ཀྱིས། རྒྱ་ནག་གཞུང་ཕྱོགས་ནས་ལྷོ་ཀོ་རི་ཡའི་ཡེ་ཤུ་ཆོས་པ་དེ་ཚོའི་ཕྱི་སྐྱོད་ལག་འཁྱེར་ཐོག་དཀའ་རྙོག་ཡོད་ལུགས་བཤད་ཡོད་ཀྱང་། ཁོ་ཚོ་མང་ཆེ་བར་སློབ་ཕྲུག་དང་ཡུལ་སྐོར་སྤྲོ་འཆམ་པའི་ཕྱི་སྐྱོད་ལག་འཁྱེར་ཡོད་པ་དང་། ལྷོ་ཀོ་རི་ཡའི་མི་ ༥༠༠ ཡས་མས་ཤིག་གིས་རྒྱ་ནག་ནང་ཡེ་ཤུ་ཆོས་སྤེལ་དུ་ཡོང་བར་ཐོ་འགོད་བྱས་ཡོད་པ་དང་། ཡེ་ཤུ་ཆོས་སྤེལ་མཁན་ ༢༠༠༠ ཙམ་གྱིས་རྒྱ་ནག་ཅི་ལིན་ཞིང་ཆེན་ནང་སྤྱི་ཚོགས་བདེ་འཇགས་ཀྱི་ཞབས་ཞུ་སྒྲུབ་ཀྱིན་ཡོད་པ་མ་ཟད། ས་ཁུལ་དེའི་བྱང་ཀོ་རི་ཡའི་སྐྱབས་བཅོལ་མི་མང་ལ་རོགས་སྐྱོར་བྱེད་ཀྱིན་ཡོད་པ་དང་། པེ་ཅིན་གཞུང་གིས་ཕྱིར་ཕུད་བཏང་བའི་མི་བརྒྱ་ཆ་ ༢༠ བྱང་ཀོ་རི་ཡའི་སྐྱབས་བཅོལ་བར་རོགས་སྐྱོར་བྱེད་མཁན་རེད། ཅེས་སོགས་བརྗོད་འདུག

ཀོ་རི་ཡའི་རྒྱལ་སྤྱིའི་ཡེ་ཤུ་ཆོས་སྤེལ་ལྷན་ཚོགས་ (Korea World Missions Association) གྱི་མགྲིན་ཚབ་པ་རྗོན་ཧོ་ཅུང་ (Jeon Ho-Jung) གིས། རྒྱ་ནག་གཞུང་གིས་ཀོ་རི་ཡའི་མི་མང་ཕྱིར་ཕུད་བཏང་བ་དེ་ནི་སྔོན་ཆད་བྱུང་མྱོང་མེད་པའི་གནད་དོན་ཞིག་ཡིན་པ་དང་། གནད་དོན་དེ་ནི་རྒྱལ་ཁབ་ཕན་ཚུན་བར་གྱི་ཕྱི་འབྲེལ་སྲིད་དཀའ་རྙོག་དང་འབྲེལ་བ་ཡོད་སྐོར་བརྗོད་འདུག

བདུན་ཕྲག་སྔོན་མར་རྒྱ་ནག་ནང་ཡོད་པའི་ལྷོ་ཀོ་རི་ཡའི་ (Lotte Group) ཚོགས་པས། རྒྱ་ནག་གཞུང་གིས་ཁོར་ཡུག་བདེ་འཇགས་ལ་ཁ་གཡར་ཏེ་ཚོགས་པ་དེའི་ཨ་སྒོར་ཐེར་འབུམ་གཅིག་ལྷག་གི་སྤྱི་གླིང་འཛུགས་སྐྲུན་ལས་གཞི་བཀག་སྡོམ་བྱས་ཡོད་ཚུལ་བསྒྲགས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “ཡེ་ཤུ་ཆོས་སྤེལ་མཁན་ ༡༧༠ ཕྱིར་ཕུད་བཏང་འདུག

  1. གངས་ཅན་ཕོ་ཉ།

    འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ། སྟོན་པ་གཞན་ལ་གུས་བྱེད་པ། ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ། བ་ཚའི་ཁྲོན་པ་བརྐོ་བ་ཡིན། འཇམ་མགོན་ས་པན་གྱིས།