རྒྱ་གར་གསར་པ། རྒྱ་ནག་མི་འདྲ་བ།

རམ་མ་དྷའོ་(Ram Madhav)ཡིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

༸གོང་ས་མཆོག་རྟ་དབང་དུ་ཕེབས་ཐེངས་འདིར་རྒྱ་ནག་གཞུང་གི་རྣམ་འགྱུར་དང་སྐད་གདངས་སྔར་དང་མི་འདྲ་བ་དེར་རྒྱུ་མཚན་ཞིག་ལོས་ཡོད།

རྒྱ་ནག་ཏུ་རྒྱ་ཁྱབ་ཆེ་བའི་གསར་ལས་ཁང་རྒྱལ་སྤྱིའི་དུས་བབ་(Global Times)ཅེས་པས་དཀྲོག་རྐྱེན་སློང་བའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། རྒྱ་གར་ལ་དཔལ་འབྱོར་དང་དམག་ཤུགས་ཆེ་བའི་ཀྲུང་གོར་ས་བབ་རྩོད་ལེན་བྱེད་པའི་ནུས་པ་ཡོད་དམ། ཞེས་པའི་འུད་ཤོབ་ཆེ་བའི་དྲི་བ་ཞིག་བཀོད་ཡོད་པ་དང་། ཀྲུང་གོའི་ལོ་རེའི་ཐོན་སྐྱེད་ཀྱི་ཡོང་འབབ་(GDP)རྒྱ་གར་ལས་ལྡབ་འགའ་ཞིག་གིས་མཐོ་བ་ཡོད་ལ། དམག་ཤུགས་ཀྱི་ནུས་པ་རྒྱ་གར་རྒྱ་མཚོ་སྙོབ་ཐུབ་པ། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཀྲུང་གོའི་འབྲེལ་བ་བཟང་བ། རྒྱ་གར་བྱང་ཕྱོགས་མཐའ་མཚམས་སུ་བརྟན་ལྷིང་མེད་པའི་རང་བཞིན་བཅས་ལས། གལ་ཏེ་ཀྲུང་གོས་རྒྱ་གར་དང་ས་བབ་རྩོད་ལེན་གྱི་རྩེད་འགྲན་བྱས་ན། ལྡི་ལི་སྲིད་གཞུང་གིས་པི་ཅིང་སྲིད་གཞུང་ཕམ་ཉེས་གཏོང་ཐུབ་བམ་ཞེས་འཕྱ་སྨོད་དང་ཟུར་ཟའི་དྲི་རྟགས་བཀོད་ཡོད།

དེ་ལྟར་དཀྲོག་རྐྱེན་སློང་བའི་རྒྱུ་མཚན་ནི། ཐེངས་འདིར་༸གོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེར་ཕེབས་པས་ཡིན། ༸གོང་ས་མཆོག་ཁུལ་དེར་ཕེབས་དོན་ནི་ཆོས་འབྲེལ་ཁོ་ན་ཡིན། ཁོང་སྐུ་ཉིད་ཀྱིས་ཀྱང་གནས་དེར་སྔར་ཐེངས་དྲུག་ཕེབས་ཟིན་པ་ལྟར་ཆོས་འབྲེལ་ཁོ་ན་ཡིན་པ་གསལ་པོར་གསུངས་ཡོད། ཁོང་གིས་དུས་ཚོད་ཕྲན་བུ་རེ་གནད་དོན་གཞན་གྱི་ཐོག་གཏོང་གནང་མཛད་པ་ལས། དུས་སྐབས་དམ་འཛིན་གྱིས་ཆོས་བཤད་དང་དབང་ལུང་ཁོ་ན་གནང་གི་ཡོད། གལ་ཏེ་གནད་དོན་གཞན་གྱི་ཐོག་དུས་ཚོད་གཏོང་གནང་མཛད་པའི་དབང་དུ་བཏང་ན་ཡང་། ཡོངས་ཁྱབ་སེམས་ཁུར་དང་། རྒྱ་གར་གྱི་གནའ་རབས་རིག་གཞུང་བཟང་པོ་གལ་གནད་ཆེ་བའི་སྐོར་གསུང་བ་ལས། རྒྱ་བོད་ཀྱི་ཆབ་སྲིད་གནས་བབ་དང་འབྲེལ་བའི་སྐོར་བཀའ་སློབ་ཧ་ལམ་གནང་གི་མེད།

འོན་ཀྱང་ཁོང་ཨ་རུ་ན་ཅལ་མངའ་སྡེར་ག་དུས་ཕེབས་ཀྱང་། རྒྱ་གཞུང་གསར་འགྱུར་བརྒྱུད་ལམ་ཁག་གིས་རྟག་ཏུ་རྣམ་འགྱུར་སྟོན་གྱི་ཡོད་ལ། རྒྱ་གར་གྱི་དབུ་ཁྲིད་ཁག་ཁུལ་དེར་ཕེབས་སྐབས་ཀྱང་དཀའ་རྙོག་བཟོ་གི་ཡོད། དེ་སྔོན་རྒྱ་གར་གྱི་སྲིད་འཛིན་པྲཏིབྷ་པཊིལ་(Pratibha Patil)དང་སྲིད་བློན་མན་མོ་ཧན་སིང་(Manmohan Singh)མཆོག་ཁུལ་དེར་རིམ་པས་ཕེབས་སྐབས་ཀྱང་རྒྱ་ཕྱོགས་ནས་སྐྱོན་བརྗོད་བྱས་ཡོད་པ་རེད། རྒྱ་གར་གཞུང་གིས་ཀྱང་རྒྱུན་ལྡན་བཞིན་ལམ་ལུགས་དང་མི་མཐུན་པའི་ནང་སྲིད་ལ་ཐེ་ཇུས་བྱས་པའི་ཁག་དཀྲི་གཡོགས་ཡོད།

འོན་ཀྱང་ད་རེས་༸གོང་ས་མཆོག་མངའ་སྡེ་དེར་ཕེབས་སྐབས་རྒྱ་ནག་གི་རྣམ་འགྱུར་སྔར་དང་འདྲ་གི་མེད། ཁོ་ཚོའི་རྣམ་འགྱུར་དྲག་ཤུགས་ཆེ་ལ། ཧ་ལམ་དྲག་སྤྱོད་སྤེལ་བའི་སྡིགས་ར་བྱས་ཡོད། ཁོ་ཚོས་རྒྱ་ནག་དཔལ་འབྱོར་དང་དམག་ཤུགས་ཆེ་བ་ཡོད་པའི་སྐོར་བཤད་པ་ཙམ་མ་ཡིན་པར། ཇ་མུ་དང་ཀ་ཤི་མིར་གྱི་གནས་སྟངས་ཐོག་ཉེན་བརྡ་ཡང་བཏང་ཡོད་པ་རེད།

རྒྱུ་མཚན་གལ་ཆེ་བ་ཞིག་ནི་༸གོང་ས་མཆོག་གི་ཡང་སྲིད་སྐོར་གྱི་འཐབ་རྩོད་གནད་དོན་དེ་ཡིན་པ་རེད། རྒྱ་ནག་གཞུང་གིས་ཁོ་པ་ཚོའི་པཎ་ཆེན་རིན་པོ་ཆེ་མངའ་གསོལ་བྱས་པ་རེད། པཎ་ཆེན་རིན་པོ་ཆེ་ནི་༸གོང་ས་མཆོག་གི་རྗེས་ཆོས་ལུགས་ཀྱི་དབུ་ཁྲིད་རིམ་པ་གཉིས་པ་དེར་ངོས་འཛིན་ཞུ་གི་ཡོད། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་ལོ་བགྲེས་པོ་ཆགས་ཡོད་པ་རེད། བོད་ཀྱི་ནང་བསྟན་ཆོས་ལུགས་ལྟར་ན་༸རྒྱལ་བ་གོང་མ་དགོངས་པ་མ་རྫོགས་གོང་ཕྱིས་འབྱུང་ཡང་སྲིད་གང་དུ་བྱོན་མིན་གྱི་རྟགས་མཚན་སྣ་ཚོགས་འཇོག་གནང་མཛད་ཀྱི་ཡོད། ༸གོང་ས་བཅུ་བཞི་པ་ཆེན་པོས་ད་བར་རྟགས་མཚན་ཁ་གསལ་ཞིག་གསུངས་མེད་ཀྱང་། སྐབས་འགར་ཁོང་གིས་སྐུ་ཉིད་ཀྱི་ཡང་སྲིད་བུད་མེད་ཅིག་ཕེབས་སྲིད་པ་དང་། ཕྱིས་འབྱུང་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཞུ་དགོས་མིན་བོད་མི་མང་གིས་ཐག་གཅོད་དགོས་པའི་གནད་དོན་ཞིག་ཡིན་པའི་སྐོར་ཡང་གསུང་གི་ཡོད།

འོན་ཀྱང་རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་སེམས་ཁྲལ་ཞིག་ཡོད་པར་སྣང་། དམིགས་བསལ་༸གོང་ས་མཆོག་གིས་ཡང་སྲིད་རྒྱ་གར་ནས་ངོས་འཛིན་གནང་བའམ། ཨ་རུ་ན་ཅལ་མངའ་སྡེ་ནས་གནང་བའི་དོགས་པ་བྱེད་ཀྱི་ཡོད། དེ་ལྟར་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་མུ་འཐུད་དབུ་ཁྲིད་གཞན་ཞིག་གིས་རྒྱུན་སྐྱོང་གནང་བའི་རྣམ་རྟོག་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་སྐབས་འགར་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་བའི་བདག་དབང་རྒྱ་གཞུང་ལ་ཡོད་སྐོར་བརྗོད་ཀྱི་ཡོད། དེར་༸གོང་ས་མཆོག་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུས་ལུགས་བཞིན་རྒྱ་གཞུང་གིས་སླར་རྫུན་སྒྲིག་བྱེད་ཐབས་མེད་པའི་རྒྱུ་མཚན་ཁ་གསལ་གསུངས་ཡོད།

རྒྱུ་མཚན་གཞན་ཞིག་ནི་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་སྐོར་གྱི་གནད་དོན་དེ་ཡིན་སྲིད། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་རྩོད་ལེན་བྱེད་པ་དེ་ནི་ཉེ་དུས་ཀྱི་གནད་དོན་ཞིག་ཡིན། ཕྱི་ལོ་༡༩༦༢ལོའི་དམག་འཁྲུག་སྐབས་རྒྱ་ནག་གི་དམག་དཔུང་ཏེ་ཛི་པུར་བར་སླེབས་ཡོད་པ་མ་ཟད། ལྡི་ལི་སྲིད་གཞུང་གིས་ཨ་སམ་རྒྱ་ནག་གི་མངའ་འོག་ཏུ་ཤོར་བ་ཧ་ལམ་ངོས་འཛིན་དང་བློ་ཐག་བཅད་ཡོད། ནེ་རུ་ཡིས་སྐབས་དེར་རླུང་འཕྲིན་བརྒྱུད་ཨ་སམ་མི་དམངས་ལ་གྱེས་ཁའི་གཏམ་བཤད་ཀྱང་གནང་ཡོད་པ་རེད།

འོན་ཀྱང་ཕྱི་ལོ་༡༩༦༢ལོའི་ཟླ་༡༠ཚེས་༢༡ཉིན་རྒྱ་ནག་གཞུང་ཕྱོགས་གཅིག་ཁོ་ནས་(unilateral ceasefire)དམག་འཐབ་མཚམས་འཇོག་གི་གསལ་བསྒྲགས་བྱས་ཡོད་ལ། ཧ་ལས་དགོས་པ་ཞིག་ལ་རྒྱ་ནག་གིས་སྐབས་དེར་དབང་སྒྱུར་བྱས་པའི་ལ་དྭགས་ནུབ་རྒྱུད་ས་ཁུལ་དུ་ངང་འཐེན་བྱས་པ་ལས། ཤར་ཕྱོགས་ས་ཁུལ་གྱི་དམག་དཔུང་ཐོག་མའི་ས་གནས་སུ་ཕྱིར་འཐེན་བྱས་པ་རེད། དེར་བརྟེན་རྒྱ་ནག་གཞུང་གིས་ཨ་སམ་མངའ་འོག་ཏུ་བསྡུ་རྒྱུ་ཕར་བཞག རྟ་དབང་སོགས་ནུབ་ཕྱོགས་ཨ་རུ་ན་ཅལ་ས་ཁུལ་གྱི་དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་བྱས་པ་རེད། མའོ་ཙེ་དུང་གི་ཐག་གཅོད་དེ་ནི་རྒྱ་ནག་ཏུ་རྩོད་རྙོག་ཅན་ཞིག་ཏུ་གྱུར་བ་མ་ཟད། མི་མང་པོ་ཞིག་གིས་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

ཨ་རུ་ན་ཅལ་མངའ་སྡེ་རྒྱ་ནག་གི་མིག་ལམ་དུ་རྩོད་རྙོག་ཅན་ཞིག་ཏུ་གྱུར་བའི་དུས་སྐབས་ནི། ཕྱི་ལོ་༡༩༧༥ལོར་འབྲས་ལྗོངས་རྒྱ་གར་གྱི་མངའ་འོག་ཏུ་ཟླ་སྒྲིལ་བཏང་བའི་རྗེས་སུ་ཡིན། ཕྱི་ལོ་༡༩༧༨ལོ་ནས་རྒྱ་ནག་གཞུང་གིས་མངའ་སྡེ་དེའི་བདག་དབང་གནས་བབ་སྐོར་མུ་འཐུད་གླེང་སློང་བྱས་ཡོད་པ་མ་ཟད། རྒྱ་ནག་མི་མང་ལ་ས་ཁུལ་དེ་ན་མེས་པོའི་བང་སོ་ཡོད་པ་དང་། ཁུལ་དེ་ངེས་པར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་རྩིས་ལེན་དགོས་པའི་འགྲེལ་བརྗོད་ཡིད་དུ་འོང་བ་བྱས་དང་བྱེད་མུས་ཡིན།

ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་རྣམ་འགྱུར་དང་སྐད་གདངས་སྔར་དང་མི་འདྲ་བའི་མངོན་གསལ་དོད་དུ་ཕྱིན་པ་དེས། ང་ལ་ཕྱི་ལོ་ ༡༩༦༡ ལོར་ཇར་མན་ཆབ་སྲིད་ཚན་རིག་པ་སྐུ་ཞབས་རི་ཅར་ཊ་ལེ་ཝན་ཐེལ་(Richard Lewenthel)གྱིས་གསར་བཟོ་བྱས་པའི་ཐ་སྙད་ཧྥིན་ལན་ཌི་ལམ་ལུགས་(Finlandisation)ཞེས་པ་དེ་དྲན་སྐུལ་བྱས་བྱུང་། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ཟིན་རྗེས། ཧྥིན་ལན་ཌེ་ནུབ་ཡོ་རོབ་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཅིག་ཡིན་ཡང་། ཇར་མ་ནི་ལ་དམག་འཐབ་དང་དཔལ་འབྱོར་གྱི་ཁ་གཏད་དུ་ལང་བའི་སྲིད་ཇུས་དེར་མཉམ་ཞུགས་བྱས་མེད་པ་རེད། ཧྥིན་ལན་ཌི་ལམ་ལུགས་ཞེས་པའི་ཚིག་དོན་ཕྱིས་སུ་འགྱུར་བ་ཅུང་ཕྱིན་ཡོད་ཀྱང་ཐོག་མའི་འབྱུང་ཁུངས་དེ་ལྟར་ཆགས་ཡོད།

དེར་བརྟེན་རྒྱ་གར་གྱིས་ད་བར་རྒྱ་ནག་ལ་ཡ་ལན་སྤྲོད་སྟངས་ཡང་ཧྥིན་ལན་ཌེ་ལམ་ལུགས་དང་འདྲ་པོ་ཡོད། ཉེ་ཆར་རྒྱ་གར་གྱི་ཀ་ཐིག་རྩོམ་འབྲི་བ་(columnist)ཞིག་གིས་དེའི་དཔེ་མཚོན་ལེགས་པོ་ཞིག་བཀོད་ཡོད། དེ་ཡང་ཕྱི་ལོ་༢༠༠༩ལོར་༸གོང་ས་མཆོག་རྟ་དབང་གྲོང་བརྡལ་གྱི་སྨན་ཁང་ཞིག་དབུ་འབྱེད་གནང་བར་ཕེབས་པ་རེད། ཁོང་ས་ཁུལ་དེར་ཕེབས་འཆར་གྱི་གནད་དོན་གྱིས་རྒྱ་དཀར་ནག་གཉིས་ཧ་ལམ་དམག་འཐབ་བྱེད་པའི་མཚམས་སུ་སླེབས་ཡོད། འོན་ཀྱང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་དེའི་སྐོར་ཤེས་རྟོགས་བྱུང་མེད་པ་རེད། གང་ལགས་ཤེ་ན་ཡུལ་གཉིས་ཀྱི་བར་འཁྲུག་རྩོད་མི་ཡོང་བའི་ཆེད། ཐའི་ལན་ཌ་རུ་ཚོགས་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་(APEC)མཐའ་འཁོར་གྱི་ཡུལ་གྲུའི་ཚོང་དོན་ལྷན་ཚོགས་སྐབས། རྒྱ་ནག་གི་སྲིད་བློན་ཝན་ཅཱ་པའོ་ཡིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་ལ། ༸གོང་ས་མཆོག་མོན་རྟ་དབང་ལ་ཕེབས་རྒྱུའི་གནད་དོན་དེ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཤེས་འཇུག་རྒྱུ་མེད་པ་དང་། རྒྱལ་སྤྱིའི་གནད་དོན་ཞིག་ཏུ་མི་འགྱུར་བའི་རེ་འདུན་བྱས་པ་ལྟར། མན་མོ་ཧན་སིང་གིས་ལམ་སེང་ཁས་ལེན་བྱས་ཡོད།

འོན་ཀྱང་སྲིད་བློན་མོ་ཏི་ཡི་སྲིད་གཞུང་འོག་རྒྱ་ནག་གཞུང་གི་མངོན་འདོད་བཞིན། ཧྥིན་ལན་ཌེ་ལམ་ལུགས་དེ་ཕལ་ཆེར་འགྲོ་གི་མེད་སྟབས། སྐད་ཤུགས་ཆེ་བའི་ཉེན་བརྡ་མི་གཏོང་ཀ་མེད་བྱུང་བ་རེད།

མ་རྩོམ་འབྲེལ་ཐག

New India, different China

བསྐྱར་བཅོས།: ༢༠༡༧/༠༤/༡༧

Leave a Reply