རྒྱ་གར་གྱིས་བྱང་ཀོ་རི་ཡར་ཚོང་འབྲེལ་མཚམས་འཇོག་བྱས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རེ་འདུན་བཏོན་པ་ལྟར། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་ངོ་རྒོལ་ཆེད་རྒྱ་གར་གཞུང་གིས་ཀྱང་སྨན་དང་ཟས་རིགས་འཕུད་པའི་བྱང་ཀོ་རི་ཡར་ཚོང་འབྲེལ་བཀག་སྡོམ་བྱས་ཡོད་འདུག

ཁ་སང་སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ནི་ད་སྔ་བྱང་ཀོ་རི་ཡར་ཚོགས་འབྲེལ་བྱེད་མཁན་ཤུགས་ཆེ་ཤོས་ཨང་གསུམ་པ་ཆགས་ཡོད་ཀྱང་། ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཚོགས་འདུའི་སྟེང་། བྱང་ཀོ་རི་ཡས་མུ་མཐུད་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ཏེ་འཛམ་གླིང་གི་ཞི་བདེ་ལྷིང་འཇགས་དཀྲོག་བཞིན་ཡོད་པར་ངོ་རྒོལ་ཆེད། རྒྱལ་ཁབ་སོ་སོས་བྱང་ཀོ་རི་ཡར་ཚོང་འབྲེལ་མཚམས་འཇོག་དགོས་པའི་རེ་འདུན་བཏོན་ཡོད་པ་ལྟར། ད་ཆར་རྒྱ་གར་གྱིས་ཀྱང་ཟས་བཅུད་དང་སྨན་རིགས་འཕུད་པའི་བྱང་ཀོ་རི་ཡར་ཚོང་འབྲེལ་གཞན་དག་བཀག་སྡོམ་བྱས་ཡོད་འདུག

རྒྱལ་སྤྱིའི་དངུལ་རྩའི་དཔྱད་ཞིབ་ཡིག་ཆའི་ནང་། སྔར་བྱང་ཀོ་རི་ཡ་དང་ཚོང་འབྲེལ་བྱེད་མཁན་ནུབ་ཕྱོགས་རྒྱལ་ཁབ་ཚང་མས་ད་ཆར་ཚོང་འབྲེལ་མཚམས་འཇོག་བྱས་ཟིན་པ་མ་ཟད། བྱང་ཀོ་རི་ཡའི་ཚོགས་རོགས་ཆེ་ཤོས་ཨང་གསུམ་པ་རྒྱ་གར་གྱིས་ཀྱང་ཚོང་འབྲེལ་བཀག་སྡོམ་བྱས་འདུག་ཅེས་འཁོད་ཡོད་འདུག

ཡོངས་གྲགས་ཐོག་ ༢༠༡༥ ནས་ ༢༠༡༦ ལོའི་བར་རྒྱ་གར་གྱིས་བྱང་ཀོ་རི་ཡར་ཨ་སྒོར་ས་ཡ་ ༡༡༡ ལྷག་གི་དངོས་ཟོག་ཕྱིར་འདྲེན་བྱས་ཡོད་ཚུལ་བརྗོད་ཀྱང་། རྒྱ་གར་གཞུང་འབྲེལ་ཐོ་འགོད་ཡིག་ཆ་ལྟར་ན། ཨ་སྒོར་ས་ཡ་ ༨༨ ཀྱི་དངོས་ཟོག་ཕྱིར་འདྲེན་བྱས་ཡོད་འདུག

བྱང་ཀོ་རི་ཡས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་ཐད་ ༢༠༡༥ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཉེས་འཛུགས་གྲོས་འཆར་བཏོན་སྐབས་རྒྱ་གར་གྱིས་རྒྱབ་སྐྱོར་བྱས་མེད་ལ། ད་ལོ་བྱང་ཀོ་རི་ཡའི་ཕྱི་དྲིལ་བློན་ཆེན་རྒྱ་གར་ལ་སྐོར་སྐྱོད་ཕེབས་བསུ་ཞུས་ཡོད། དེ་བཞིན། འདས་པའི་ལོ་རྒྱུས་ནང་ཚོང་འབྲེལ་ཙམ་མིན་པར། དམག་སྦྱོང་སོགས་སུའང་བྱང་ཀོ་རི་ཡའི་མི་སྣ་རྒྱ་གར་ནང་ཡོང་མྱོང་ཡོད་ཀྱང་། ཐེངས་འདིར་འབྲེལ་ལམ་དེ་དག་ཡོངས་རྫོགས་མཚམས་འཇོག་བྱས་ཡོད་འདུག

བྱང་ཀོ་རི་ཡའི་མཉམ་དུ་ཚོང་འབྲེལ་ཤུགས་ཆེ་ཤོས་བྱེད་མཁན་ཨང་དང་པོ་རྒྱ་ནག་ཡིན་ཡང་། ཉེ་ལམ་རྒྱ་ནག་གིས་ཀྱང་ཚོང་འབྲེལ་ཆེ་ཁག་མཚམས་འཇོག་བྱས་ཡོད། བྱང་ཀོ་རི་ཡར་ཚོང་འབྲེལ་ཤུགས་ཆེ་ཤོས་ཨང་གཉིས་པ་སཱའོ་ཌི་ཨཱ་རཱ་བྷི་ཡཱ་(Saudi Arabia)ཆགས་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply