རྒྱ་གར་གྲོང་གསེབ་ཀྱི་རྨོ་མོ་ཚོས་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་འོད་སྣང་སྐྲུན།

ཕྱི་ཟླ་ ༣ ཚེས་ ༨ ཉིན་ཏེ་རྒྱལ་སྤྱིའི་བུད་མེད་དུས་ཆེན་དང་བསྟུན་ཏེ་བྷི་བྷི་སི་གསར་ཁང་གིས་རྒྱ་གར་མ་ཧྭ་ར་ཤི་ཊིར་མངའ་སྡེའི་གྲོང་གསེབ་ཀྱི་རྒན་འཁོགས་སློབ་གྲྭ་ཞིག་གི་གནས་ཚུལ་ཕྱོགས་བསྡུས་བྱས་ཡོད་པ་འདིར་འཁོད་ཡོད།

རྒྱ་གར་མཱ་ཧཱ་ར་ཤི་ཊའི་ (Maharashtra)མངའ་སྡེའི་གྲོང་གསེབ་ཧྥན་གཱན་ (Phangane)ས་ཁུལ་གྱི་རྨོ་མོ་ཚོས་ཉིན་རྟག་པར་སློབ་གྲྭའི་སྒྲིག་ཆས་(སཱ་རི)ཟིང་སྐྱ་དེ་གྱོན་ཞིང་། ས་སྨྱུག་དང་སྤྱང་ཤིང་རྒྱབ་དུ་འཁུར་ནས་སློབ་གྲྭར་འགྲོ་བཞིན་ཡོད་ཅིང་། རྒྱ་གར་ནང་གི་བུད་མེད་ཡིག་རྨོངས་བའི་གྲངས་འབོར་སྐྱེས་པ་ལས་ལྡབ་ཁ་ཤས་ཀྱིས་མང་བ་ཡོད།

སློབ་གྲྭར་འགྲོ་བཞིན་པའི་རྨོ་མོ་དག་ལས་ཁ་ཤས་ཀྱིས་མིག་གིས་མི་མཐོང་བ་དང་། ཁ་ཤས་ཀྱིས་ཡི་གེ་ཀློག་སྐབས་གྲང་གཟེར་རྒྱག་པ་སོགས་ཀྱི་དཀའ་ངལ་ཡོད་ཀྱང་། ཁོ་ཚོས་གཟའ་ཕུར་བུ་འཕུད་པའི་ཉིན་རྟག་པར་དགེ་རྒན་བསྟེན་ཏེ་སློབ་སྤྱོང་བྱེད་ཀྱིན་ཡོད། འོན་ཀྱང་དགེ་རྒན་དེའི་ལོ་ཚད་ལྡབ་གཉིས་ལས་ལྷག་གི་སློབ་མ་ཚོ་དགུང་ལོ་ཆེ་བ་ཡོད།

རྒྱལ་སྤྱིའི་བུད་མེད་དུས་ཆེན་ནི་སློབ་གྲྭ་དེའི་ལོ་འཁོར་དུས་ཆེན་གཅིག་པུ་དེ་ཡིན། རྨོ་མོ་ཨན་སཱོ་ཡ་རྡི་ཤི་མཱོ་ཁུ་ (Ansuya Deshmukh) ལགས་ནི་ད་ལྟ་དགུང་ལོ་ ༩༠ ཡིན་པ་དང་། ཆུང་དུས་ཁོ་མོའི་ཨ་ཕ་ཡོང་འབབ་ཆུང་བའི་ངལ་རྩོལ་བ་ཞིག་ཡིན་སྟབས། འཚོ་བའི་དཀའ་ངལ་འོག་མོ་རང་ལོ་ ༡༠ སྟེང་མི་གཞན་ལ་གཉེན་སྒྲིག་བྱས་ཡོད་འདུག ཁོ་མོས་བརྗོད་དོན། “སྐབས་དེར་ཡི་གེ་འབྲི་སའི་སྦྱང་ཤིང་དང་དེབ་ཉོ་བྱེད་ཀྱི་དངུལ་ཙམ་ཡང་མེད་སྟབས། གྱོན་ཆས་ཉོ་བྱེད་ཀྱི་དངུལ་ཞིག་གང་ན་ཡོད།”ཅེས་དང་། “ང་རྟག་པར་ན་བཞིན་ཡོད་སྟབས་ནང་མི་ཚོས་སློབ་གྲྭར་གཏོང་གི་མི་འདུག་ཀྱང་མཚམས་རེར་ང་རང་སློབ་གྲྭར་ཕྱིན་པ་ཡིན།” ཞེས་བརྗོད།

མོ་རང་ད་བར་སློབ་གྲྭར་སོང་སྟེ་ཤེས་ཡོན་ཏོག་ཙམ་ཐོབ་ཡོད་པ་ནི་རང་གི་མིང་འབྲི་ཤེས་པ་མ་ཟད། རྨང་གཞིའི་གསལ་བྱེད་དག་ཀྱང་ཀློག་ཐུབ་པ་དང་། ཨང་གྲངས་ ༡ ནས་ ༢༡ བར་བརྩི་ཤེས་ཀྱི་ཡོད།

སྐུ་ཞབས་ཡཱ་ཇཱན་རྡིར་བྷན་གཱར་ (Ypgendra Bangar) ལགས་ནི་སློབ་གྲྭ་དེ་གསར་འཛུགས་བྱེད་ཡིན་པ་དང་། ཉིན་ཞིག་གྲོང་གསེབ་དེའི་བུད་མེད་ཚོས་ཁོ་ལ། གལ་སྲིད་ང་ཚོས་ཡི་གེ་ཀློག་ཐུབ་ན། ང་ཚོས་རྒྱལ་པོ་ཆཱ་ཊི་རཱ་པཱད་ཊི་ (Chatrapati Shvaji Maharaj)ལགས་ཀྱི་ལོ་རྒྱུས་ཀློག་འདོད་འདུག་ཅེས་བཤད་རྗེས་ཁོས་སློབ་གྲྭ་དེ་བཙུགས་པ་ཡིན་འདུག   རྒྱལ་པོ་ཆཱ་ཊི་རཱ་པཱད་ཊི་ལགས་ནི་དུས་རབས་ ༡༧ པའི་ནང་གི་རྒྱལ་པོ་ཞིག་ཡིན་པ་དང་། གྲོང་གསེབ་དེས་ལོ་ལྟར་རྒྱལ་པོ་དེའི་འཁྲུངས་སྐར་སྲུང་གཙི་རྒྱ་ཆེན་པོ་བྱེད་ཀྱིན་ཡོད་འདུག

བྷན་གཱར་ལགས་ཀྱིས་བརྗོད་དོན། “ སྤྱིར་བཏང་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་བུད་མེད་ཚོར་གུས་ཞབས་ཞུ་དགོས་ཀྱང་། གྲོང་གསེབ་འདིའི་རྨོ་མོ་ཚོར་ད་བར་བུད་མེད་དུས་ཆེན་ཉིན་གུས་ཞབས་ཞུ་མཁན་བྱུང་མེད་ཀྱང་། ད་ལྟ་ཁོ་ཚོར་འོས་འཚམ་གྱི་གུས་ཞབས་ཤིག་འཐོབ་ཀྱི་ཡོད་པ་རེད” ཅེས་བརྗོད། སྐུ་ཞབས་བྷ་གཱར་ལགས་ཀྱིས་རྨོ་མོ་འདི་དག་གི་སློབ་ཁང་དང་སྒྲིག་ཆས་སོགས་མི་གཞན་ལ་ཞལ་འདེབས་བསླངས་ཏེ་འགྲོ་གྲོན་གཏོང་གི་ཡོད་འདུག ཁོང་གིས་བརྗོད་དོན། “གལ་སྲིད་བུད་མེད་གཅིག་ལ་སློབ་གསོ་སྤྲད་པ་ཡིན་ན། དེས་ཁྱིམ་ཚང་དེའི་ནང་ཤེས་རིག་གི་འོད་སྣང་འཁྱེར་ཡོང་གི་ཡོད་སྟབས་དེ་ནི་ཁྱིམ་ཚང་གཅིག་ལ་སློབ་གསོ་སྤྲད་པ་ཡིན། ” ཅེས་བརྗོད་འདུག

རྨོ་མོ་རཱ་མཱ་བྷ་ཧི་ ( Ramabhai Ganpat ) ལགས་ནི་རྒྱུན་པར་རང་གི་ཚ་བོ་ཚ་མོ་ཚོས་ལག་སྐྱོར་ལ་བརྟེན་ཏེ་སློབ་གྲྭར་བསྐྱལ་ཡོང་གི་ཡོད་འདུག མོ་རང་གིས་བརྗོད་དོན་ “ང་ཚོ་སློབ་གྲྭར་འགྲོ་རྒྱུར་དགའ་པོ་ཡོད་སྟབས། སེམས་པ་ཧ་ཅང་སྐྱིད་པོ་འདུག ང་ཚོ་ཚང་མས་དཔེ་ཁུག་འཁུར་ནས་མཉམ་དུ་སློབ་གྲྭར་འགྲོ་བཞིན་ཡོད། ང་ཚོས་སློབ་སྤྱོང་ཡག་པོ་བྱེད་ཐུབ་ཀྱི་འདུག་པས་སྤོབས་པ་སྐྱེ་ཡི་འདུག” ཅེས་ཟེར།

ད་དུང་མོ་བགད་མོ་དགོད་ཞོར་དུ་བརྗོད་དོན་ “ད་ལྟ་ང་ཚོར་དཔེ་དེབ་ཡོད་ཀྱང་། ང་ཚོ་ལོ་ན་བརྒས་ཏེ་མིག་གིས་ཡག་པོ་མཐོང་གི་མི་འདུག” “ ང་ཚོ་ཤི་ནས་དཀོན་མཆོག་གི་སར་འགྲོ་དུས། དཀོན་མཆོག་གིས་ཁྱོད་ཀྱི་མི་ཚེའི་ནང་ག་རེ་བྱས་ཡོད་ཅེས་དྲིས་ན། ང་ཚོས་ཁོང་ལ་ངས་བྱ་བ་མང་པོ་ཞིག་བྱེད་མ་ཐུབ་ཀྱང་། སློབ་གྲྭར་ཕྱིན་ཏེ་སོ་སོའི་མིང་ཙམ་འབྲི་ཤེས་ཀྱི་ཡོད་ཅེས་ལབ་རྒྱུ་ཡིན། སློབ་གྲྭར་འགྲོ་བ་ནི་སྤྲོ་སྣང་ཞིག་དང་། ངའི་ཉིན་གཅིག་གི་འཚོ་བར་དོན་སྙིང་སྐྲུན་གྱི་འདུག ” ཅེས་བརྗོད་འདུག

ཞོགས་པ་འཛིན་གྲྭ་མ་ཚོགས་སྔོན་ལ་རྨོ་མོ་དེ་དག་གིས་མཉམ་དུ་ “ངས་ལྷ་མོ་སཱ་རཱ་སུ་ཝ་དུའི་ (Goddess Saraswati)མཆོག་ལ་སྨོན་ལམ་རྒྱག་གི་ཡོད་ཅིང་། ལྷ་མོ་སཱ་རཱ་སུ་ཝ་དུའི་ནི་ཧིན་རྡུའི་ཐབས་དང་ཤེས་རབ་ཀྱི་ལྷ་ཞིག་ཡིན། ད་དུང་ཁོ་ཚོས་ཉིན་རྟག་པར་སློབ་གྲྭའི་རྭ་སྐོར་ནང་གི་ཤིང་སྡོང་དག་ལ་ཆུ་ལྡུག་གིན་ཡོད།

ཤི་ཊལ་མཱོ་རེ་ (Sheetal More)ལགས་ནི་སློབ་གྲྭ་དེའི་དགེ་རྒན་ཡིན་པ་དང་ད་ལྟ་ལོ་སུམ་ཅུ་ཙམ་ཡིན་འདུག མོས་དང་བླངས་ཐོག་རྨོ་མོ་དེ་དག་ལ་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དང་། མོའི་ཨ་ནེའང་ད་ལྟ་རང་ཉིད་ཀྱི་སློབ་མ་ཆགས་ཡོད། ད་སྔ་གྲོང་གསེབ་སློབ་གྲྭ་དེའི་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ལོ་ན་ ༦༠ ནས་ ༩༠ བར་གྱི་བུད་མེད་གསར་བ་གསུམ་སློབ་སྤྱོང་ཆེད་གྲོང་གསེབ་དེར་གནས་སྤོར་ཡོད་སྟབས། ད་ལྟ་ཁྱོན་སློབ་གྲྭ་དེར་སློབ་མ་ ༣༠ ཡོད་འདུག

དགེ་རྒན་མཱོ་རེ་ལགས་ཀྱིས་བརྗོད་དོན་ “དེ་སྔ་སློབ་གསོའི་གོ་སྐབས་རག་མ་མྱོང་བའི་བུད་མེད་རྒན་པའི་མི་རབས་ཤིག་ལ་སློབ་གསོ་སྤྲོད་པའི་གོ་སྐབས་རག་པ་དེར་སེམས་པ་ཧ་ཅང་སྐྱིད་པོ་འདུག ངས་བསམ་ན། རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གསོ་མ་རག་མཁན་ཚོར་ཚོར་སློབ་སྤྱོང་གི་གོ་སྐབས་སྤྲོད་དགོས་པ་མ་ཟད། ལྷག་པར་དུ་རྒྱ་གར་གྲོང་གསེབ་ཁག་གི་བུད་མེད་ཚོར་སློབ་གྲྭ་འཛུགས་དགོས་ཀྱི་འདུག” ཅེས་བརྗོད་སོང་།

རྨོ་མོ་ཞིག་གིས་ད་དུང་ང་ཚོའི་ཡིག་རྨོངས་རྦད་དེ་སེལ་ཚར་མེད་སྟབས། མཚམས་ལ་རེར་རང་ཉིད་ལ་ག་རེ་བསླབས་ཡོད་པའང་དྲན་གསོས་ཀྱི་མི་འདུག་ཟེར། འོན་ཀྱང་ཁོ་ཚོས་མཛུབ་མོའི་རྟགས་རྒྱག་མི་དགོས་པར་རང་ཉིད་ཀྱི་མིང་འབྲི་ཤེས་བ་འདི་འགྱུར་བ་ཆེན་པོ་ཞིག་རེད། རྨ་མོ་ཚོས་སློབ་སྤྱོང་བྱེད་བཞིན་པ་འདིས་རྒྱ་གར་ནང་གི་ཡིག་རྨོངས་བ་ཚོར་སེམས་ཤུགས་གསར་བ་ཞིག་བསྐྲུན་ཡོད་ལ། འདི་ནི་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་གསར་འགྱུར་གསར་བ་ཞིག་ཀྱང་རེད།

བསྐྱར་བཅོས།: ༢༠༡༧/༠༣/༡༠

Leave a Reply