རྒྱ་གར་ཉེན་རྟོག་པས་ལོ་ངོ་ ༩༠༠ ལྷག་གི་སྐུ་བརྙན་རྐུ་མ་འཛིན་བཟུང་བྱས།

ཁ་སང་རྒྱ་གར་ཉེན་རྟོག་པས་ལྡི་ལི་བོད་སྒར་སངས་རྒྱས་གླིང་དུ་བོད་རིགས་ཁྱོ་ག་སྐྱེས་དམན་གཉིས་འཛིན་བཟུང་བྱས་ཡོད་ཅིང་། ཁོ་གཉིས་ཀྱིས་བདུན་ཕྲག་སྔོན་མར་རྟ་དབང་བསམ་ཡས་གླིང་དགོན་པའི་གཏེར་སྟོན་པདྨ་གླིང་པའི་སྐུ་བརྙན་བརྐུས་ཡོད་འདུག

རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༥ ཚེས་ ༣༡ ཉིན་བོད་མི་གཉིས་ཀྱིས་མོན་རྟ་དབང་སངས་རྒྱས་གླིང་དགོན་པའི་ལོ་ངོ་ ༩༠༠ ལྷག་གི་ལོ་རྒྱུས་ཡོད་པའི་གཏེར་སྟོན་པདྨ་གླིང་པའི་སྐུ་འདྲ་ཞིག་བརྐུས་ཏེ། ཁ་སང་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་བཙོང་རྩིས་བྱས་སྐབས་རྒྱ་གར་ཉེན་རྟོག་འཛིན་བཟུང་བྱས་ཡོད་འདུག

ངག་དབང་བརྩོན་འགྲུས་ཟེར་བའི་ཁྱོ་ག་ཞིག་དང་། བློ་བཟང་དགའ་སྐྱིད་ཤར་པ་ཟེར་བའི་བུད་མེད་ཅིག་གིས། ཁ་སང་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་གཏེར་སྟོན་པདྨ་གླིང་བའི་སྐུ་བརྙན་དེར་ཧིན་སྒོར་འབུམ་ ༡༤༠ བྱས་ཏེ་བཙོང་རྩིས་བྱས་སྐབས། ཉོ་མཁན་གྲས་སུ་གཏེར་སྟོན་པདྨ་གླིང་པར་དད་འདུན་ཤུགས་དྲག་ཡོད་མཁན་ཞིག་ཡོད་པ་དེས་རྒྱ་གར་ཉེན་རྟོག་པར་ཞུ་གཏུག་བྱས་ཏེ་རྐུན་མ་དེ་གཉིས་འཛིན་བཟུང་བྱས་ཡོད་འདུག

ངག་དབང་བརྩོན་འགྲུས་ཟེར་བ་དེ་ ༢༠༠༩ ལོ་ཡས་མས་ཤིག་ལ་བོད་ནས་གསར་དུ་འབྱོར་ཞིང་། ཕྱིས་སུ་ཧི་མ་ཅལ་གྱི་དྷ་རམ་ས་ལ་སོགས་སུ་བསྡད་མྱོང་ཡོད་པ་དང་། ༢༠༡༡ ལོར་རྟ་དབང་དགོན་པའི་བླ་མ་(སྤྱི་བ།)ཡི་བུ་མོར་ཆང་ས་བརྒྱབ་ཡོད་འདུག ལྡི་ལིའི་ཉེན་རྟོག་ཁང་གིས་བརྗོད་པ་ལྟར་ན། ངག་དབང་བརྩོན་འགྲུས་དང་རྟ་དབང་དགོན་པའི་སྤྱི་བའི་བུ་མོ་གཉིས་གཉེན་འཐོར་བྱས་ཏེ་ཟླ་འགའ་ལས་ཕྱིན་མེད་པ་དང་། ངག་དབང་བརྩོན་འགྲུས་ཀྱིས་སྔོན་ཆད་སྤྱི་པའི་ཁྱིམ་དུ་ལས་ཀ་བྱས་ཏེ་རྒྱུས་མངའ་ཡོད་སྟབས། ཕྱོགས་གཅིག་ནས་སྐུ་འདྲ་དེ་བརྐུས་ཏེ་ཁོ་ཚང་ལ་འཁོན་ལན་སློག་འདོད་དང་། ཕྱོགས་གཉིས་ནས་སྐུ་ཉེན་དེ་རྩ་ཆེན་པོ་ཞིག་ཡིན་པ་ཧ་གོ་ཡོད་སྟབས་རང་ཉིད་ལ་དངུལ་མང་པོ་ཞིག་རེག་པར་རེ་བ་བརྒྱབ་པ་ཡིན་འདུག

སངས་རྒྱས་གླིང་དགོན་པའི་གཏེར་སྟོན་པདྨ་གླིང་བའི་སྐུ་འདྲ་དེ་དུས་རབས་ ༡༢ བའི་ནང་གི་སྐུ་རྟེན་ཞིག་ཡིན་པ་དང་། སྐུ་རྟེན་དེ་ཚེས་བཟང་དུས་བཟང་ལ་མ་གཏོགས་ཕྱིར་འདོན་སྲོལ་མེད་པར། ནམ་རྒྱུན་དགོན་པའི་སྤྱི་པའི་ཁྱིམ་དུ་ཉར་ཡོད་འདུག

ངག་དབང་བརྩོན་འགྲུས་དང་ཁོ་བོའི་ད་ལྟའི་དགའ་རོགས་བློ་བཟང་དགའ་སྐྱིད་ཤར་པ་གཉིས་ཀྱིས་ཟླ་སྔོན་མའི་ཚེས་ ༣༡ ཉིན་གྱི་མཚན་མོར། སངས་རྒྱས་གླིང་གི་སྤྱི་བ་དང་ཁོ་བོའི་ནང་མི་རྣམས་ས་གནས་གཞན་ཞིག་ལ་གུང་སེང་དུ་ཕྱིན་པའི་ཤུལ་དུ། ཁོང་ཚང་གི་སྒེའུ་ཁུང་བཅག་སྟེ་གཏེར་སྟོན་པདྨ་གླིང་པའི་སྐུ་འདྲ་དང་མནབ་བཟའ་བཅས་བརྐུས་ཡོད་པ་དང་། སྐབས་དེར་ཁང་སྲུང་རྨོ་མོ་ཞིག་ཡོད་ཀྱང་ཧ་གོ་མེད་པ་རེད།

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ། ངག་དབང་བརྩོན་འགྲུས་ཟེར་བ་དེ་སྔོན་ཆད་བལ་ཡུལ་ཤེལ་དཀར་དགོན་པའི་གྲྭ་བ་ཡིན་པ་དང་། ཁོའི་རྐུན་རོགས་བློ་བཟང་དགའ་སྐྱིད་ཟེར་བ་དེའང་བལ་ཡུལ་འཕགས་ཤིང་ཨ་ནེ་དགོན་པ་ཞིག་གི་བཙུན་མ་ཡིན་འདུག རྟ་དབང་དགོན་པའི་ལོ་རྒྱུས་རང་བཞིན་ཅན་གྱི་སྐུ་བརྙན་དེ་རྐུ་ལ་ཤོར་རྗེས་རྟ་དབང་ཁུལ་གྱི་མང་ཚོགས་ནང་ཟིང་ཆ་ཆེན་པོ་བྱུང་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༦/༠༧

Leave a Reply

4 thoughts on “རྒྱ་གར་ཉེན་རྟོག་པས་ལོ་ངོ་ ༩༠༠ ལྷག་གི་སྐུ་བརྙན་རྐུ་མ་འཛིན་བཟུང་བྱས།

  1. བློ་བཟང་ཕུན་ཚོགས།

    ལྷ་ཕྲུག་ལགས་ཁྱེད་རང་དེ་ལ་ཧང་སང་དགོས་མ་རེད། གསར་འགོད་པ་ཚོ་ཞིབ་འཇུག་པ་མ་རེད་ལ་ལོ་རྒྱུས་སྨྲ་བ་ཡང་མ་རེད། གནས་ཚུལ་དེ་འབྱུང་བཞིན་པའི་སྐབས་སུ་སྤྱི་བཏང་གི་རྒྱུས་ལོན་ཙམ་གནང་སྐབས་མི་ཞིག་གིས་སྐུ་བརྙན་དེ་རྩ་ཆེན་པོ་ཡིན་གི་ཡིན་རབ་དང་། ལོ་མང་པོ་ཕྱིན་གི་ཕྱིན་རབས་ལབ་ཏེ་ལོ་དགུ་བརྒྱ་ལྷག་ལབ་ཡིན་རྒྱུ་རེད། གནས་ཚུལ་དང་པོ་འགོད་མཁན་གསར་འགོད་པ་དེས་མིས་བཤད་པའི་སྐད་ཆ་དེ་ག་རང་འཁོད་པ་རེད། བོད་པའི་གསར་འགྱུར་ལས་ཁུངས་ཚོས་གསར་འགྱུར་གྱི་ཁུངས་རྒྱ་གར་གྱི་གསར་འགྱུར་ལུང་འདྲེན་བྱས་ཡོད་པ་དེ་ལྟར་ན་ཞེས་འཁོད་ཡོད་པ་ལས། གསར་ཁང་ཁོ་རང་ཚོས་དེ་འདྲ་འདི་འདྲ་རེད་ཅེས་འཁོད་ཡོད་མ་རེད། འདི་འགྲོ་སྟངས་རེད་

  2. གཏེར་སྟོན་པད་མ་གླིང་པའི་སྐུ་འདྲ་དེ་མོན་རྟ་དབང་གི་སངས་རྒྱས་གླིང་དགོན་པའི་སྐུ་འདྲ་རེད། གསར་འགྱུར་ནང་དུ་བསམ་ཡས་གླིང་དགོན་པ་ཞེས་བྲིས་གནང་བ་དེ་ནོར་བ་རེད། སངས་རྒྱས་གླིང་དགོན་པ་དེ་ནི་སྔོན་གཏེར་སྟོན་པངྨ་གླིང་པའི་གཅུང་པོ་བླ་མ་ཨོ་རྒྱན་བཟང་པོ་ཞུ་བ་ཁོང་གིས་མོན་རྟ་དབང་ལ་གླིང་གསུམ་ཟེར་བའི་དགོན་པ་གསུམ་ཕྱག་བཏབ་གནང་བའི་ནང་ནས་གཅིག་རེད། དགོན་པ་གསུམ་ནི། ཨོ་རྒྱན་གླིང་དང་། སངས་རྒྱས་གླིང་དང་། མཚོ་རྒྱས་གླིང་ཅེས་རེད།

  3. རྒྱ་གར་དང་བོད་པའི་གསར་འགྱུར་ཚང་མའི་ནང་དུ། མོན་ནས་བརྐུས་པའི་གཏེར་སྟོན་པད་མ་གླིང་པའི་སྐུ་འདྲ་དེ་ལོ་ངོ་༩༠༠ སོང་ཡོད་པར་བཀོད་འདུག
    ལོ་རྒྱུས་སུ་གཏེར་སྟོན་གླིང་པ་འཁྲུངས་ནས་ལོ་ ༥༦༧ ལས་སོང་མི་འདུག་ཟེར། གཏེར་སྟོན་གླིང་པ་སྤྱི་ལོ་ ༡༤༥༠ ལོ་འཁྲུངས་བ་དང་ ༡༥༢༡ ལོར་སྐུ་མྱ་ངན་ལས་འདས་བར་བཤད་ཚུལ་འདུག