རྒྱ་གར་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་སངས་རྒྱས་ཆོས་ཀྱི་བསླབ་བྱ་འགོད་འཆར།

རྒྱ་གར་ཤེས་ཡོན་བློན་ཆེན་གྱིས་གཞི་རིམ་སློབ་གྲྭའི་འཛིན་གྲྭ་མཐོ་དམའ་བར་གསུམ་ཚང་མའི་བསླབ་གཞིའི་ནང་སངས་རྒྱས་ཆོས་ཀྱི་བསླབ་བྱ་འགོད་རྒྱུ་གཏན་ཁེལ་ཡིན་ཞེས་གསུངས།

ཟླ་འདིའི་ཚེས་ ༡༠ ཉིན་རྒྱ་གར་གྱི་རིག་གཞུང་ལྷན་ཁང་གི་གོ་སྒྲིག་འོག སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། ཤེས་ཡོན་བློན་ཆེན་སྐུ་ཞབས་པྲཀཤ་ཇཝེཏ་ཀར་(Prakash Javadekar)མཆོག་གིས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་བསླབ་བྱ་ནི་བདག་ཉིད་ཆེན་པོ་གྷན་དྷིའི་བསླབ་བྱ་བཞིན་མི་ཚེའི་དམིགས་འདུན་(Ideas of Life)ཞིག་ཡིན་ཞེས་དང་། ཆབ་སྲིད་ཀྱིས་ང་ཚོར་མི་ཚེ་སྐྱེལ་བའི་མཐུན་རྐྱེན་སྐྲུན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་བསླབ་བྱས་མི་ཚེ་ཅིའི་ཕྱིར་སྐྱེལ་བ་དང་། མི་ཚེ་ཇི་ལྟར་སྐྱེལ་ཚུལ་གྱི་ལམ་སྟོན་གནང་གི་ཡོད་པར་བརྟེན། སློབ་གྲྭའི་བསླབ་གཞིའི་སློབ་ཚན་གྱི་ཁོངས་སུ་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་གསུངས།

ཁོང་གིས་ད་དུང་ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་བསླབ་བྱ་གཞི་རིམ་སློབ་གྲྭའི་འཛིན་གྲྭ་མཐོ་དམན་བར་གསུམ་ཚང་མར་ཁྱབ་ཐུབ་པ་བྱས་ཏེ། ཕྱིས་འབྱུང་ལས་གནས་ཐོབ་ཐུབ་པ་ཙམ་མ་ཡིན་པར། ཤེས་ཡོན་གྱི་ངོ་བོ་ཆ་ཚང་བ་ཞིག་འགྲུབ་ཐུབ་པ་བྱ་རྒྱུ་དང་། སངས་རྒྱས་ཀྱི་བསླབ་བྱས་མི་ཚེར་ལམ་བུ་ཕྱིན་ཅི་མ་ལོག་པ་སྟོན་གྱི་ཡོད་པར་བརྟེན། སློབ་ཚན་ནང་ངེས་པར་གཏན་འབེབས་ཞུ་ངེས་ཡིན་ཞེས་བརྗོད།

འཁྲུངས་སྐར་གྱི་མཛད་སྒོ་དེར་ནང་པའི་ལྟ་གྲུབ་མཁས་དབང་སྐུ་ཞབས་ཨེ་སེ་ཨར་བྷ་ཊ་(S R Bhatt)མཆོག་ལ་ཆེ་བསྟོད་ཞུས་པ་དང་། ཤེས་ཡོན་བློན་ཆེན་མཆོག་གིས་སློབ་ཕྲུག་རྣམས་ལ་ཤེས་བྱ་དང་ལས་རིགས་ཀྱི་ལག་རྩལ་མཁོ་སྤྲོད་བྱས་སྟབས། ཤེས་ཡོན་གྱི་ཆ་ཤས་ཙམ་འགྲུབ་ཐུབ་པ་བྱུང་བ་ལས། ཤེས་ཡོན་གྱི་དགོས་དམིགས་དངོས་འགྲུབ་ཐུབ་པ་བྱུང་མེད་ཅེས་ནན་བརྗོད་གནང་བ་དང་། ཤེས་ཡོན་གྱི་དགོས་དམིགས་དངོས་ནི། མི་བཟང་པོ་ཞིག་སྐྱེད་སྲིང་བྱེད་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བརྗོད།

མཛད་སྒོར་ཆེད་ཕེབས་གནང་བའི་རིག་གཞུང་བློན་ཆེན་སྐུ་ཞབས་མ་ཧེ་ཤ་ཤར་མ་(Mahesh Sharma)མཆོག་གིས་ཀྱང་། སངས་རྒྱས་ཀྱི་བསླབ་བྱ་ནི་ད་ལྟའི་དུས་ཚོད་དང་ཡང་འབྲེལ་བ་ཡོད་པ་ཞིག་ཡིན་པ་མ་ཟད། ཁོང་གི་ཆོས་ནི་ཚན་རིག་དང་མཐུན་པ་ཞིག་ཡིན་ཞེས་བརྗོད།

ནང་སྲིད་བློན་པོ་སྐུ་ཞབས་ཀི་རེན་རི་ཇི་ཇུ་(Kiren Rijiju)མཆོག་གིས་ཀྱང་། གལ་ཏེ་རྒྱ་གར་གྱིས་སངས་རྒྱས་ཀྱི་ཆོས་ཀྱི་བསླབ་བྱ་ལག་ལེན་དུ་འགེལ་ཐུབ་པ་བྱུང་ན། འཛམ་གླིང་འདིའི་མགོ་འདྲེན་བྱེད་ཐུབ་ངེས་ཡིན་ལ། རྒྱ་གར་ནི་སངས་རྒྱས་ཀྱི་འཁྲུངས་ཡུལ་ཡིན་པར་བརྟེན། འཛམ་གླིང་གི་མི་རྣམས་ཀྱིས་དེ་ལྟར་རེ་བ་ཡང་བྱེད་ཀྱིན་ཡོད་ཅེས་བརྗོད།

པི་ཏི་ཨའེ་(Press Trust of India)གསར་ཁང་གིས་སྤེལ་བ་སྐལ་ལྡན་གྱིས་བསྒྱུར།

བསྐྱར་བཅོས།: ༢༠༡༧/༠༥/༡༢

Leave a Reply

One thought on “རྒྱ་གར་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་སངས་རྒྱས་ཆོས་ཀྱི་བསླབ་བྱ་འགོད་འཆར།

  1. གངས་ཅན་ཕོ་ཉ།

    ཉེ་བའི་དུས་རབས་ནང་འདི་ནི་འཛམ་གླིང་གི་གསར་འགྱུར་ཆེ་ཤོས་ཞིག་རེད། འདི་ནི་རྣམ་དཔྱོད་ཕུལ་དུ་བྱུང་བའི་རླབས་ཆེན་གྱི་བྱ་བ་ཞིག་རེད། འཛམ་གླིང་འདི་ཡི་དབང་སྒྱུར་བ་པོ་ནི་མི་ཡི་འགྲོ་བ་རེད། མི་དབང་སྒྱུར་བ་པོ་ནི་སེམས་ཉིད་རེད། སེམས་ལ་སྟངས་འཛིན་ཐུབ་ན་འཛམ་གླིང་ཞི་བདེ་ཡོང་བ་ཆོས་ཉིད་ཡིན།