རྒྱ་དཀར་ནག་གི་གསར་ཁང་གཉིས་ཀྱིས་རྩོད་པ་བརྒྱབ།

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་གིས་རྒྱ་གར་དཔལ་འབྱོར་དུས་བབ་ཀྱིས་སྤེལ་བའི་རྒྱ་ནག་གིས་ཨེ་ཤ་ཡ་དཔལ་འབྱོར་བསླུ་བྲིད་ཀྱི་བུ་ལོན་ནང་བརྫང་སྲིད་ཅེས་པའི་དཔྱད་བརྗོད་ཅིག་ལ་དགག་པ་བརྒྱབ།

རྒྱ་གར་དཔལ་འབྱོར་དུས་བབ་ཀྱིས་ ༢༠༡༧།༥།༤ ཉིན་སྤེལ།

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ (GT) ཅེས་པའི་གསར་ཁང་གིས་རྒྱ་གར་དཔལ་འབྱོར་དུས་བབ་ (ET) སྟེང་སྤེལ་བའི་ ‘རྒྱ་ནག་གིས་ལྷོ་ཤར་ཨེ་ཤ་ཡ་དཔལ་འབྱོར་བསླུ་བྲིད་ཀྱི་བུ་ལོན་ནང་བརྫང་སྲིད’ ཅེས་བའི་དཔྱད་རྩོམ་ལ་དགག་པ་བརྒྱབ་ཡོད། དཔྱད་རྩོམ་དེའི་ནང་། ལམ་གཅིག་རྒྱུད་གཅིག་ཅེས་པའི་རྒྱ་ནག་གི་གོ་ལ་རང་བཞིན་གྱི་ཚོང་འབྲེལ་འཛུགས་སྐྲུན་དང་། ཟླ་སྒྲིལ་གཏོང་ཐབས་ཀྱི་ལས་གཞིའི་དམིགས་འབེན་སོགས་གསལ་བོར་འཁོད་ཡོད།

ཟླ་འདིའི་ ༡༤ ནས་ ༡༥ བར་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་དཔལ་འབྱོར་ཚོགས་ཆེན་གྱི་གྲོས་གཞི་གཙོ་བོ་ནི། ལམ་གཅིག་རྒྱུད་གཅིག་ཅེས་པའི་རྒྱ་ནག་གི་ཚོང་ལམ་འཛུགས་སྐྲུན་ལས་གཞི་དེ་ཡིན་ཞིང་། ལས་གཞི་དེས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འདུ་འགོད་ལ་དཀའ་རྙོག་བཟོ་སྲིད་པའི་ཉེན་ཁ་ཡོད། ལམ་གཅིག་རྒྱུད་གཅིག་གི་ལས་གཞི་དེའི་དམིགས་འབེན་གཙོ་བོ་ནི། སྐམ་མཚོ་གཉིས་བརྒྱུད་དེ་རྒྱ་ནག་ནས་ཡུ་རོབ་རྒྱལ་ཁབ་ཁག་བར་དང་། རྒྱ་ནག་ནས་ལྷོ་ཤར་ཨེ་ཤ་ཡ་དང་དབུས་རྒྱུད་ཨེ་ཤ་ཡའི་རྒྱལ་ཁབ་ཁག་བར་ཚོང་ལམ་འཛུགས་སྐྲུན་དང་ཟླ་སྒྲིལ་གཏོང་རྒྱུ་དེ་རེད།

དེ་སྔ་རྒྱ་གར་དཔལ་འབྱོར་དུས་བབ་སྟེང་སྤེལ་བའི་རྩོམ་ཡིག་དེའི་ནང་། སིང་གྷ་ལ་ (Sri Lanka) ཡིས་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་ལས་གཞིར་ངོས་ལེན་བྱས་ཏེ་རྒྱ་ནག་གི་དཔལ་འབྱོར་བསླི་བྲིད་ཀྱི་བུ་ལོན་ནང་ཚུད་པའི་དཀའ་རྙོག་སྐོར་ལུང་འདྲེན་དང་། ད་དུང་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་དེ་དྲང་སྙོམ་ཡིན་མིན་དང་། རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་གྱི་བདག་དབང་དེ་རྒྱ་ནག་ལ་ཡོད་མེད་སོགས་གླེང་ཡོད། རྒྱ་ནག་གི་ཚོང་གཉེར་ཁང་ཁག་གིས་སིང་གྷ་ལ་དང་པ་ཀི་སི་ཐན་གཉིས་ཀྱི་དཔལ་འབྱོར་འདུ་འགོད་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཐེབས་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་མཐའ་མཚམས་རྩོད་རྙོག་གིས་རྒྱ་གར་གྱི་བདེ་འཇགས་ལའང་དཀའ་རྙོག་བཟོ་སྲིད་པ་སོགས་གླེང་ཡོད།

རྒྱ་ནག་གི་གོ་ལའི་དུས་བབ་ཀྱིས་དགག་པ་བརྒྱབ་པའི་ནང་། “རྒྱ་གར་གྱིས་ནམ་རྒྱུན་རྒྱ་ནག་ལ་དོགས་གཞི་བྱེད་ཀྱིན་པའི་སྐབས་འདིར། གཟའ་མིག་དམར་ཉིན་རྒྱ་གར་དཔལ་འབྱོར་དུས་དེབ་སྟེང་སྤེལ་བའི་ ‘ལྷོ་ཤར་ཨེ་ཤ་ཡ་རྒྱ་ནག་གི་དཔལ་འབྱོར་བསླུ་བྲིད་ཀྱི་བུ་ལོན་ནང་ཚུད་སྲིད’ ཅེས་པའི་དཔྱད་རྩོམ་དེས་རྒྱ་ནག་ནི་རྩྭ་གསེང་གི་དུག་སྦྲུལ་ལྟ་བུར་དམའ་འབེབ་བྱས་ཡོད” ཅེས་བཤད་འདུག

རྒྱ་གར་དཔལ་འབྱོར་དུས་བབ་སྟེང་སྤེལ་བའི་དཔྱད་རྩོམ་ནང་། སྐྱེད་ཀ་མཐོ་བའི་རྒྱ་ནག་གི་མ་དངུལ་འཛུགས་སྐྲུན་ལ་བརྟེན་ཏེ། ཁོ་ལོམ་བྷོ་ (Colombo) ཡི་མ་དངུལ་གྱོང་གུད་ཇེ་ཆེར་ཕྱིན་ཡོད་པ་དང་། ད་ཆར་རྒྱ་ནག་གིས་མ་དངུལ་འཛུགས་སྐྲུན་ལས་གཞི་དེ་ལམ་གཅིག་རྒྱུད་གཅིག་ (OBOR) ཅེས་པའི་ཚོང་ལམ་འཛུགས་སྐྲུན་ལས་གཞིའི་ཆ་ཤས་སུ་འཇོག་འཆར་ཡོད་ཚུལ་གླེང་ཡོད། དཔལ་འབྱོར་དུས་བབ་ཀྱིས་ “ཧམ་བྷན་ཊོ་ཊ་ (Hambantota) གྲུ་ཁ་འཛུགས་སྐྲུན་ལས་གཞིའི་ཐད། སེང་གྷ་ལར་སྐྱེད་ཀ་བརྒྱ་ཆ་ ༦.༣ སྤྲད་དེ་རྒྱ་ནག་གི་ལག་ནས་ཨ་སྒོར་ས་ཡ་ ༣༠༡ སྐྱི་གཡར་བྱས་ཡོད་པ་དང་། སྐྱེད་ཀ་དེ་ནི་འཛམ་གླིང་དངུལ་ཁང་ (WB) དང་ཨེ་ཤ་ཡ་འཕེལ་རྒྱས་དངུལ་ཁང་ (ADB) གཉིས་ཀྱི་སྐྱེད་ཀ་ལས་མཐོ་བ་ཡོད་པ་དང་། འཛམ་གླིང་དངུལ་ཁང་དང་ཨེ་ཤ་ཡ་འཕེལ་རྒྱས་དབུལ་ཁང་གི་སྐྱེད་ཀ་ནི་བརྒྱ་ཆ་ ༠.༢༣ – ༣ ཡིན་པ་དང་། རྒྱ་གར་བུན་གཏོང་ (LOC) དངུལ་ཁང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སྐྱི་གཡར་བྱས་པའི་སྐྱེད་ཀ་བརྒྱ་ཆ་ ༡ ལས་དམའ་བ་ཡོད” ཅེས་འཁོད་ཡོད།

ད་དུང་གོ་ལའི་དུས་བབ་ཀྱི་དགག་ཡིག་ནང་། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་སྐྱེད་ཀ་དང་བསྡུར་ན། རྒྱ་ནག་གི་སྐྱེད་ཀ་མཐོ་བའི་གནས་ཚུལ་མ་གླེང་བར། འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་ཁག་ཅིག་ལུང་འདྲེན་བྱས་དོན། “མི་མང་གི་འུར་མགོ་ཇེ་མཐོར་འགྲོ་བཞིན་འདུག ལོ་སྔོན་མར་ལམ་གཅིག་རྒྱུད་གཅིག་གི་ཚོང་ལམ་ཁ་ཕྱོགས་ལ་བརྟེན་ཏེ་རྒྱལ་ཁབ་ཁག་ཅིག་གི་སྤྱི་འབོར་བརྒྱ་ཆ་ ༤.༦ འཕེལ་རྒྱས་ཕྱིན་ཡོད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་འཕེལ་འགྲིབ་ཞིབ་འཇུག་ལྟར་ན། འཕེལ་རྒྱས་དེ་ནི་རྒྱ་ནག་གི་དཔལ་འབྱོར་འཛུགས་ལས་གཞི་གསར་བར་བརྟེན་ནས་བྱུང་ཡོད་འདུག”ཅེས་ཟེར།

དཔྱད་རྩོམ་དེའི་ནང་རྒྱ་ནག་གིས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་བཟོས་པ་དང་ཆབས་ཅིག་རང་ཉིད་ཀྱི་དཔལ་འབྱོར་འཕེལ་རྒྱས་རྒྱ་སྐྱེད་གཏོང་ཆེད་ཨེ་ཤ་ཡའི་ནང་རྐང་རྗེས་ཇེ་མང་དུ་གཏོང་བཞིན་ཡོད། དཔལ་འབྱོར་དུས་བབ་ནང་ “རྒྱ་གར་གྱིས་ཁྱིམ་མཚེས་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་ལ་བློ་འཚུབ་བྱེད་པ་ནི་གནད་འགག་ཆེན་པོ་ཆགས་ཡོད། རྒྱ་ནག་གི་ཁ་དཔེར། “རྐྱེན་ངན་དང་སྐྱོ་གདུང་ལས་མི་ཚེའི་དཔྱིད་དཔལ་ཚེས་ཤིང་། སོས་དལ་དང་སྤྲོ་སྐྱིད་ལས་མི་ཚེའི་ཆག་འཇིག་འབྱུང”ཞེས་པ་ལྟར། དྲང་མོར་བཤད་ན། རྒྱ་ནག་གིས་དཔལ་འབྱོར་འཛུགས་སྐྲུན་རྒྱ་བསྐྱེད་པ་དེས་རྒྱ་གར་ལ་རྟོགས་སད་ཀྱི་ངེས་ཤེས་ཤིག་སྐྱེས་སུ་བཅུག་ཡོད” ཅེས་སོགས་འཁོད་ཡོད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༠༦

Leave a Reply