རྒྱ་དཀར་ནག་ས་མཚམས་སུ་ཁྲབ་ལྡན་འཁོར་ལོ་འགྲེམ་འཇོག་བྱས།

རྒྱ་ནག་གི་དྲག་ཆས་དམག་དཔུང་གིས་བོད་དབུས་ཁུལ་རྒྱ་གར་ས་མཚམས་ལ་ཉེ་བར་ཆེས་སྔོན་ཐོན་ཅན་གྱི་ཁྲབ་ལྡན་འཁོར་ལོའི་རུ་ཁག་ཅིག་བཏང་ཡོད་འདུག

ཁ་སང་རྒྱ་གར་ (UPI) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་མི་དམངས་བཅིངས་འགྲོལ་དམག་ཟེར་བའི་རྐང་དམག་ཚན་པའི་ཞིན་ཆིན་ཊན་ (Xinqingtan)ཁྲབ་ལྡན་འཁོར་ལོའི་རུ་ཁག་ཅིག་རྒྱ་གར་མཐའ་མཚམས་ལ་ཉེ་བའི་བོད་དབུས་ཁུལ་དུ་འགྲེམས་འཇོག་བྱས་ཡོད་འདུག

རྒྱ་ཡིག་དྲ་ཚིགས་ཞིབ་དཔྱོད་ཞེས་པས་གནས་ཚུལ་བཀོད་པ་ལྟར་ན། ཐེངས་འདིར་བོད་ཀྱི་མཐའ་ཁུལ་དུ་འགྲེམས་འཇོག་བྱས་པའི་ཁྲབ་ལྡན་འཁོར་ལོའི་རུ་ཁག་དེ་སྔོན་ཆད་རྒྱ་གར་གྱིས་རྒྱ་བོད་མཐའ་མཚམས་ལ་འགྲེམས་འཇོག་བྱས་པའི་ཨུ་རུ་སུའི་ (T-90S) རྟགས་ཅན་གྱི་ཁྲབ་ལྡན་འཁོར་ལོ་ལས་ཀྱང་སྔོན་ཐོན་དང་དྲག་ཤུགས་ཆེ་བ་ཡིན་འདུག

བོད་དབུས་ཁུལ་དུ་འགྲེམ་འཇོག་བྱས་པའི་ཞིན་ཆིན་ཊན་ཞེས་པའི་ཁྲབ་ལྡན་འཁོར་ལོའི་རུ་ཁག་དེའི་ནང་ཁྲབ་ལྡན་འཁོར་ལོ་ ༡༢༠ དང་། ཁྲབ་ལྡན་འཁོར་ལོ་གཅིག་གི་ཐོག་སྤྱི་ལེ་ ༣༥ སླེབ་ཐུབ་པའི་འགལ་རྫས་དང་སྤྱི་ལེ་ ༡༢.༧ ལ་སླེབ་ཐུབ་པའི་རང་འགུལ་མེ་མདའ་སོགས་མཉམ་སྦྱར་བྱས་ཡོད་པ་མ་ཟད། དེ་དག་སྟེང་གི་རྒྱང་ཤེལ་གྱིས་ས་ཐག་ཧ་ཅང་རིང་པོ་དང་། རི་མགོ་མཐོ་ས་མཐོང་ཐུབ་པ་སྒྲིག་བཀོད་བྱས་ཡོད་འདུག ཁྲབ་ལྡན་འཁོར་ལོ་དེ་དག་རེ་རེའི་ལྗིད་ཚད་ཏུན་ ༣༥ ནས་ ༣༨ བར་ཡོད་པ་དང་། དེ་ལ་རྟ་ཆིག་སྟོང་ལྷག་གི་འཐེན་ཤུགས་ཡོད་པ་དང་། དེ་ (8V150) རྟགས་ཅན་གྱི་འཕྲུལ་ཆས་རིགས་སུ་བཟོ་འགོད་བྱས་ཡོད་འདུག

རྒྱ་ནག་གི་དམག་དོན་ཞིབ་འཇུག་དྲ་ཚིགས་ལྟར་ན། ༢༠༡༦ ལོ་ནས་བཟུང་པེ་ཅིན་གཞུང་གིས་རྒྱ་བོད་མཐའ་མཚམས་ཁག་ཏུ་མེ་ཤུགས་འཕུར་མདའ་དང་དྲག་ཆས་གནམ་གྲུ་མང་པོ་འགྲེམས་འཇོག་བྱས་ཡོད་པ་དང་། རྒྱ་ནག་གི་མཐའ་སྲུང་དྲག་ཆས་དམག་དཔུང་གིས་ (the Jian-11) རྟགས་ཅན་དང་། (Jian-10) རྟགས་ཅན། (Kongjing-500) རྟགས་ཅན་གྱི་དྲག་ཆས་བེད་སྤྱོད་གཏོང་གི་ཡོད་འདུག

ཐེངས་འདིར་བོད་ཁུལ་དུ་འགྲེམས་འཇོག་བྱས་པའི་ཁྲབ་ལྡན་འཁོར་ལོ་དེ་དག་ན་ནིང་ཕྱི་ཟླ་ ༡༡ ནང་རྒྱ་ནག་ཀུང་ཏུང་ཞིང་ཆེན་ནང་ཀྲུའུ་ཧེ་མཁའ་དམག་རྔམ་སྟོན་བྱས་སྐབས། རྒྱ་ནག་གི་ (VT-5) རྟགས་ཅན་གྱི་ཁྲབ་ལྡན་འཁོར་ལོ་དང་ལྷན་དུ་མཉམ་ཞུགས་བྱས་ཡོད་མེད་གསལ་བཤད་བྱས་མེད། ཁྲབ་ལྡན་འཁོར་ལོའི་རུ་ཁག་དེས་ཚོད་ལྟའི་སྦྱོང་བརྡར་ཐེངས་འགར་བྱས་ཡོད་ཀྱང་། དེའི་སྐོར་གྱི་གནས་ཚུལ་གསར་ལམ་ཁག་ཏུ་འཁོད་མེད།

རྒྱ་ནག་གི་ལྷོ་ནུབ་ཁུལ་གྱི་ཞིན་ཅང་མི་རིགས་རང་སྐྱོང་ཁུལ་ཧོ་ཊན་ (Hotan) གྲོང་རྡལ་དུ་རྒྱ་ནག་གིས་དྲག་ཆས་གནམ་གྲུ་ (the J-10) རྟགས་ཅན་དང་ (the J-10) རྟགས་ཅན་འགྲེམས་འཇོག་བྱས་ཡོད་འདུག

གཞན། རྒྱ་གར་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གིས་ལྷོ་ཤར་མཚོ་ཁུལ་ཁག་ཏུ་གསར་དུ་བཟོས་པའི་ཁྲབ་ལྡན་འཁོར་ལོའི་རིགས་སུ་གཏོགས་པའི་དྲག་ཆས་འགྲུལ་འཁོར་མང་པོ་ཆེད་གཏོང་བྱས་ཡོད་པ་དང་། དྲག་ཆས་འགྲུལ་འཁོར་དེའི་དྲག་ཆས་ཀྱི་མགྱོགས་ཚད་མཚོ་ཐོག་བརྒྱུད་ཆུ་ཚོད་རེ་རེར་སྤྱི་ལེ་ ༥༠ རིང་སླེབ་ཐུབ་ཀྱི་ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་གི་དྲག་ཆས་ཤུགས་ཚད་མགྱོགས་ཤོས་དེ་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གིས་སྒྲིག་བཟོ་བྱས་པའི་རྡུལ་ཕྲན་དང་དྲག་ཆས་རིགས་མང་ཆེ་བ་ཆུ་ཚོད་རེ་རེར་སྤྱི་ལེ་ ༡༩ ནས་ ༢༨ བར་སླེབ་ཐུབ་ཀྱི་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༡༤

Leave a Reply

One thought on “རྒྱ་དཀར་ནག་ས་མཚམས་སུ་ཁྲབ་ལྡན་འཁོར་ལོ་འགྲེམ་འཇོག་བྱས།

  1. ཁྲབ་ལྡན་འཁོར་ལོ་ཞེས་པའི་ཐ་སྙད་དེ་གསར་འགོད་པ་རང་གིས་གསར་དུ་བཏགས་པ་ཞིག་ཡིན་ཚོད། སྤྱིར་བོད་ནས་བཏོན་པའི་གསར་བྱུང་རྒྱུན་བཀོལ་ཐ་སྙད་དུ། འཐབ་ཁོར། ཨིན་བོད་ཚིག་མཛོད་ནང་། ཁྲབ་ལྡན་འཐབ་འཁོར། གཏན་འབེབས་བརྡ་ཆད་ནང་། ཐང་ག་རི་ཞེས་སོགས་གསལ་བ་བཅས་མཁྱེན་རྟོགས་ཙམ་ལ་དམིགས་པའོ། །