རྒྱ་དམག་ཅིག་རྒྱ་གར་ནང་མི་ལོ་ ༥༠ ལྷག་རིང་ལུས།

༡༩༦༣ ལོར་རྒྱ་ནག་གི་དམག་མི་ས་ཞིབ་པ་ཞིག་ས་མཚམས་བརྒལ་ཏེ་རྒྱ་གར་ས་ཐོག་ཏུ་འབྱོར་སྐབས། རྒྱ་གར་གྱིས་འཛིན་བཟུང་བྱས་ཡོད་པ་དང་། དེ་ནི་རྒྱ་དཀར་ནག་བར་དམག་འཁྲུག་མཚམས་འཇོག་བྱས་ཏེ་བདུན་ཕྲག་ཁ་ཤས་ལས་ཕྱིན་མེད། ཝང་ཆི་(Wang Qi)ཡིས་རྒྱ་ནག་ཏུ་ཡོད་པའི་རང་གི་ཁྱིམ་ཚང་མཐོང་འདོད་ཆེན་པོ་ཡོད་ཀྱང་། ཁོ་རྒྱ་གར་ནས་དུས་ནམ་ཡང་ཕྱིར་ལོག་ཐུབ་མེད། ང་ཚོའི་བྷི་བྷི་སི་ཧིན་དྷི་ལས་ཚན་གྱི་གསར་འགོད་པ་ཝི་ནིཊ་ཁེར་(Vineet Khare)གྱིས་ཁོ་ལ་ཐུག་འཕྲད་བྱས་ཡོད། 

རྒྱ་ནག་གི་དམག་མི་ཟུར་བ་སྐུ་ཞབས་ཝང་ཆི་(Wang Qi)ལགས།

རྒྱ་ནག་གི་དམག་མི་ཟུར་བ་སྐུ་ཞབས་ཝང་ཆི་(Wang Qi)ལགས།

ཊི་རོ་དྷི་(Tirodi)ཞེས་པའི་གྲོང་གསེབ་དེའི་ཐག་ཉེ་ཤོས་ཀྱི་གནམ་ཐང་ནི་ནཱག་པུར་(Nagpur)གྱི་གནམ་ཐང་རེད། ཊི་རོ་དྷི་ནས་ནཱག་པུར་གྱི་གནམ་ཐང་བར་ཆུ་ཚོད་ ༥ ཙམ་འགྲོ་དགོས་ཤིང་། ནཱག་པུར་ཞེས་པའི་གྲོང་ཁྱེར་དེ་ནི་རྒྱ་གར་གྱི་དཀྱིལ་དབུས་སུ་ཆགས་ཡོད།

ང་ནི་ས་དེར་ཆེད་དུ་ཝང་ཆི་ལ་ཐུག་འཕྲད་བྱེད་པར་བཅར་བ་ཡིན། ཝང་ཆི་ནི་རྒྱ་མིའི་དམག་མི་ས་ཞིབ་བྱེད་མཁན་ཞིག་ཡིན་པ་དང་། ༡༩༦༣ ལོར་ཁོ་རང་ལམ་ནོར་ཐེབས་ཏེ་རྒྱ་གར་ས་ཁོངས་སུ་འཛུལ་ཡོང་སྐབས། རྒྱ་གར་གྱིས་འཇུ་བཟུང་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ཁོ་དུས་གཏན་དུ་ཕྱིར་རྒྱ་ནག་ཏུ་ལོག་ཐུབ་མེད། ཁོས་འདས་པའི་ལོ་ངོ་ ༥༠ རིང་རྒྱ་ནག་ཏུ་ཡོད་པའི་རང་གི་ཁྱིམ་ཚང་དེ་མཐོང་འདོད་ཆེན་པོ་བྱས་ཏེ་བསྡད་ཡོད།

ང་ཝང་ལ་ཐོག་མར་ཐུག་མ་ཐག་ཁོ་ང་ལ་འཐམ་འཁྱུད་བྱས་སོང་། ཝང་ནི་ད་ལྟ་རང་ལོ་ ༨༠ ནང་བསླེབས་བསྡད་ཡོད་པ་དང་། ཁོའི་དབུ་སྐྲ་དཀར་པོར་འགྱུར་འདུག་ཀྱང་ཐུང་ངུ་བྱས་ཏེ་བྲེགས་འདུག རྐང་ལྷམ་ནག་པོ་དང་ལུས་ལ་གྱོན་པ་ཧ་ཅང་དྲོད་པོ་ཞིག་གྱོན་འདུག ད་ནི་ངེད་གཉིས་ཐག་རིང་སྤྱི་ལེ་ ༣༠༠༠ བརྒལ་བའི་ཕ་རོལ་དུ་ཡོད་པའི་རྒྱ་ནག་ནང་གི་ཁོ་རང་གི་ནང་མིར་བརྙན་མཐོང་ (Video Contact)བརྒྱུད་དེ་འབྲེལ་བྱེད་མགོ་བརྩམས་པ་ཡིན།

ངེད་གཉིས་མཉམ་དུ་གཞུང་གི་ལས་ཁུངས་ཤིག་ལ་ཕྱིན་པ་ཡིན། གང་ཡིན་ཟེར་ན། ས་གནས་དེའི་ཉེ་འགྲམ་དུ་དྲྭ་རྒྱའི་ཆ་རྐྱེན་ཡོད་པ་ནི་ལས་ཁུངས་དེ་ཁོ་ན་རེད་འདུག ངས་དྲྭ་རྒྱ་ནས་ཁོའི་ནང་མིར་འབྲེལ་བ་བྱ་རྒྱུའི་གྲ་སྒྲིག་བྱེད་སྐབས། ཁོས་ང་ལ་རེ་བ་ཆེན་པོས་ལྟ་བཞིན་འདུག

གློག་ཀླད་ངོས་སུ་ཁོའི་གཅེན་པོ་འབོལ་གདན་རྐུབ་སྟེགས་(Sofa)ཤིག་གི་ཐོག་ཏུ་བསྡད་དེ་ཡོད་པའི་དཔར་བརྙན་ཞིག་ཤར་མ་ཐག་ཁོའི་མིག་ཇེ་ཆེར་ཕྱེས་ཏེ་ལྟ་སྡོད་ཀྱི་འདུག ཁོའི་གཅེན་པོའི་མིང་ལ་ཝང་ཀྲི་ཡུན་(Zhiyuan)ཟེར་ཞིང་། ད་ལྟ་རང་ལོ་ ༨༢ ཡིན་པ་དང་། ཁོང་ཚོ་རྒྱ་ནག་གི་མངའ་སྡེ་ཧྲན་ཞིའི་(Shaanxi)ས་གནས་ཞིན་ཡཱང་(Xianyang)ལ་འཚོ་སྡོད་བྱེད་བཞིན་འདུག

ཁོང་བུ་སྤུན་གཉིས་ཀྱིས་ལོ་ངོ་ ༥༠ ལྷག་གི་རྗེས་སུ་གཞི་ནས་ཕན་ཚུན་གཅིག་གིས་གཅིག་མཐོང་ཡོད་པ་དང་། སྐབས་དེར་ཁོང་གཉིས་ཀྱིས་སྐར་མ་ ༡༧ རིང་མེན་ཌ་རི་ཡན་(Mandarin)གྱི་སྐད་ཐོག་ནས་ཁ་བརྡ་བྱས་སོང་།

ད་ལྟ་ཝང་ཆི་ལ་རྒྱ་གར་མིང་རཱཇ་བཱ་ཧཱ་ཌུར་(Raj Bahadur)ཞེས་བཏགས་ཡོད་པ་དང་། ཁོས་ང་ལ་ “ངས་ཁོ་(ཁོའི་གཅེན་པོ་)ངོ་ཤེས་མ་སོང་། ཁོ་ཧ་ཅང་བརྒས་འདུག་ལ། ཁོ་ངའི་ཆེད་དུ་གསོན་བསྡད་ཡོད་ཟེར་གྱིན་འདུག”ཅེས་ཧ་ཅང་གོ་ཁག་པའི་རྒྱ་གར་སྐད་ཀྱི་སྒྲ་གདངས་ཐོག་ནས་བཤད་སོང་། སྐབས་དེར་ཁོ་བོ་ཧ་ཅང་སེམས་སྐྱོ་ཡོད་པ་དང་ཁོའི་ཕྲུ་གུ་གསུམ་ངེད་གཉིས་སར་ཡོང་སྟེ་ཝང་ལ་སེམས་གསོ་བྱས་སོང་།

བྷི་བྷི་སི་གསར་འགོད་པའི་རོགས་རིམ་འོག་དྲ་ལམ་ཝང་གིས་ཕི་བོ་ལ་ཁ་བརྡ་བྱེད་བཞིན་པ།

བྷི་བྷི་སི་གསར་འགོད་པའི་རོགས་རིམ་འོག་དྲ་ལམ་ཝང་གིས་ཕི་བོ་ལ་ཁ་བརྡ་བྱེད་བཞིན་པ།

སྐུ་ཞབས་ཝང་ཆིའི་ལོ་རྒྱུས་ནི་ཧ་ཅང་རིང་པོ་དང་སེམས་སྐྱོ་བ་ཞིག་རེད།

ཁོ་ནི་ཧྲན་ཞིའི་ས་གནས་ཀྱི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་པ་དང་། ཁོ་ཚོར་མིང་སྲིང་བུ་བཞི་དང་བུ་མོ་གཉིས་ཡོད་འདུག་པ་དང་། ཁོས་སློབ་གྲྭ་ནས་ས་ཞིབ་རིག་པའི་ཐོག་ཆེད་སྦྱོང་ཐོན་རྗེས། ༡༩༦༠ ལོར་རྒྱ་ནག་བཅིངས་གྲོལ་དམག་ཁོངས་སུ་འཛུལ་ཞུགས་བྱས་འདུག

སྐུ་ཞབས་ཝང་གིས་བརྗོད་ན། ཁོ་དམག་ཁོངས་སུ་ཞུགས་རྗེས་ཐོག་མར་དམག་མིའི་ལམ་བཟོ་བའི་གྲས་ཡིན་པ་དང་། ༡༩༦༣ ལོར་ནུབ་ཁུལ་གྱི་དམག་ཁོངས་སུ་ཡོད་སྐབས་ཤིག་ལ། དམག་མིའི་སྡོད་སྒར་རྒྱག་ཡུལ་ནས་འཁྱམ་མྱུལ་དུ་ཕྱིན་སྐབས། བར་སྐབས་ཞིག་ལ་ལམ་ཁ་བརླགས་ཏེ་མགོ་འཁོར་ཡོད་པ་དང་། དེ་ནས་ཡར་འཁྱམ་མར་འཁྱམ་མང་པོ་བྱས་ཏེ་དཀའ་ལས་ཁག་པ་དང་གྲོད་ཁོག་ལྟོགས་བཞིན་པའི་སྐབས་སུ། ཁོའི་ཉེ་འགྲམ་དུ་རྒྱ་གྲམ་དམར་པོའི་(Red Cross)རླངས་འཁོར་ཞིག་འགྲོ་བཞིན་པ་མཐོང་བ་དེ་བཀག་ནས་ཁོ་བོར་རོགས་པ་གནང་རོགས་ཞུས་སྐབས་ཁོང་ཚོས་ཁོ་རྒྱ་གར་གྱི་དམག་མིར་རྩིས་སྤྲོད་བྱས་སོང་ཟེར།

༡༩༦༠ ལོར་སྐུ་ཞབས་ཝང་བཅིངས་འགྲོལ་དམག་ཁོངས་སུ་ཞུགས་སྐབས།

༡༩༦༠ ལོར་སྐུ་ཞབས་ཝང་བཅིངས་འགྲོལ་དམག་ཁོངས་སུ་ཞུགས་སྐབས།

འོན་ཀྱང་རྒྱ་གར་གཞུང་འབྲེལ་མི་སྣ་ཚོས་ “ཝང་གིས་རྒྱ་གར་གཞུང་ལ་ཁོ་རྒྱ་གར་དུ་ཡོང་བ་དེ་ནི་དམིགས་ཡུལ་མེད་པར་ལམ་ནོར་ཐེབས་ཏེ་ཡོང་བ་ཡིན་ཟེར་བ་དེར་ཡིད་ཆེས་མེད། དེ་ནི་ཁོས་གནས་སྟངས་དང་རྒྱབ་ལྗོངས་རྫུན་བཟོ་བྱས་པ་རེད།” ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

ཁོ་ལོ་ངོ་བདུན་རིང་རྒྱ་གར་གྱི་བཙོན་ཁང་གང་སར་ཁྲིད་ཡོད་ཀྱང་། མཐར་ ༡༩༦༩ ལོར་རྒྱ་གར་ཁྲིམས་ཁང་གིས་བཀའ་ཁྱབ་བཏང་བ་ལྟར་ཀློད་གྲོལ་བཏང་ཡོད་འདུག དེ་ནས་སྐོར་སྲུང་བས་ཁོ་རྒྱ་གར་གྱི་མངའ་སྡེ་མཱ་དྷི་ཡ་པར་དྷེཥ་(Madhya Pradesh)གྱི་ས་ཆ་མཐའ་འཁོབ་ཊི་རོ་དྷི་ཞེས་པར་བསྐྱལ་ཏེ་ད་ལྟའི་བར་དུ་ས་ཆ་གཞན་གང་དུའང་འགྲོ་རུ་བཅུག་མེད།

ཝང་ནི་དམག་འཁྲུག་སྐབས་ཀྱི་བཙོན་པ་ཞིག་ཡིན་མིན་ད་ལྟ་ད་དུང་གསལ་པོ་ཞིག་ཆགས་མེད་པ་མ་ཟད། རྒྱ་གར་གཞུང་གིས་ “ང་ལ་ད་བར་དུ་མི་སེར་གྱི་ཐོབ་ཐང་དང་ཡིག་ཆ་གང་ཡང་སྤྲད་མེད་ལ། རྒྱ་ནག་ཏུ་ཕྱིར་ལོག་བྱ་རྒྱུའི་ཆོག་མཆན་ཡང་སྤྲད་མ་སོང་།”ཞེས་ཟེར་ཞིང་། ཁོའི་ནང་མི་ཚོས་ཀྱང་ “སྐུ་ཞབས་ཝང་ལ་ངེས་པར་དུ་རྒྱ་གར་ནས་ཕྱི་སྐྱོད་ཆོག་པའི་ཡིག་ཆ་དགོས་ཀྱི་ཡོད་པ་རེད་” ཟེར།

ས་གནས་དེའི་གཞུང་འབྲེལ་མི་སྣ་གཙོ་བོ་བྷ་ར་ཊ་ཡཱ་ཌ་(Bharat Yadav)ཞུ་བས་བརྗོད་དོན། “ ད་ལྟ་རྒྱ་གར་གཞུང་གིས་ཝང་གི་བྱ་སྤྱོད་ཐོག་དོགས་པ་མེད་ལ། གནད་དོན་དེར་ད་ལྟ་དོ་སྣང་ཡང་བྱེད་ཀྱི་མེད། གལ་སྲིད་ཁོ་ཕྱིར་རྒྱ་ནག་ལ་ལོག་འདོད་ཡོད་ན། ང་ཚོས་རོགས་པ་དང་ཐབས་ཤེས་གཏང་ཆོག་གི་རེད།” ཅེས་བརྗོད་སོང་།

རྒྱ་ནག་ཏུ་ཡོད་པའི་སྐུ་ཞབས་ཝང་གི་ནང་མི་སྤུན་མཆེད།

རྒྱ་ནག་ཏུ་ཡོད་པའི་སྐུ་ཞབས་ཝང་གི་ནང་མི་སྤུན་མཆེད།

༢༠༡༣ ལོར་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཚོས་ཁོའི་གནད་དོན་དེ་གསལ་པོ་ཤེས་རྗེས། ཁོ་ལ་ཕྱི་སྐྱོད་ལག་འཁྱེར་བཟོ་རྒྱུར་རྒྱབ་སྐྱོར་བྱས་ཡོད་ཀྱང་། དེ་ལ་རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་བརྡ་ལན་གང་ཡང་འབྱོར་མེད། ཁོས་ད་དུང་མུ་མཐུད་དུ་ཕྱི་སྐྱོད་ཡིག་ཆ་རེག་པར་ངང་སྒུག་བྱས་བསྡད་ཡོད།

ཝང་ལ་མཚོན་ན་དེ་ནི་ཧ་ཅང་སྒུག་ཡུན་རིང་པའི་མནར་གཅོད་ཅིག་དང་མཚུངས། ཁོ་རང་ཐོག་མ་རྒྱ་གར་ནང་འབྱོར་སྐབས་སྐད་ཡིག་དང་ཟ་མ་ཟ་འཐུང་། སྤྱི་ཚོགས་མ་འདྲ་བ་སོགས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད། འོན་ཀྱང་། ཝང་གིས་དཀའ་ངལ་དེ་དག་ལ་གདོང་ལེན་བྱས་ཏེ་རིམ་བཞིན་གོམས་འདྲིས་སུ་ཕྱིན་ཡོད། ཁོས་ “ངས་ཐོག་མར་ཕྱེ་ཐག་བཟོ་གྲྭར་(Flour Mill)ལས་ཀ་བྱ་རྒྱུ་མགོ་བརྩམས་པ་ཡིན། དགུང་མོར་རང་གི་ནང་མི་དང་ཨ་མ་དྲན་ནས་ངུས་མྱོང་།” ཞེས་ཟེར།

༡༩༧༥ ལོར་ཁོ་རང་གི་གྲོགས་པོ་ཚོའི་རོགས་འདེགས་ལ་བརྟེན་ཏེ་ཡུལ་དེའི་བུ་མོ་སུ་ཥི་ལཱ་(Sushila)ཞེས་པ་ཞིག་ལ་གཉེན་སྒྲིག་བྱས་ཡོད། ཁོའི་ཆུང་མས་འཛུམ་མདངས་དང་བཅས་ཏེ་ “ངས་ཕྱི་མིར་གཉེན་སྒྲིག་བྱས་སྐབས་ངའི་ཕ་མ་གཉིས་ཧ་ཅང་སྐུ་རླུང་བཞེངས་བ་མ་ཟད། ང་རང་ཡང་ཁོའི་སྐད་ཆར་མགོ་བརྡ་མ་འཕྲོད་པའི་དཀའ་ངལ་མང་པོ་འཕྲད་མྱོང་། ཡིན་ན་ཡང་ངས་ཟླ་བ་ཁ་ཤས་རིང་བཟོད་གོམས་བྱས་མཐར། རིམ་གྱིས་ཁོའི་སྐད་བརྡ་ལ་གོམས་སོང་།”ཞེས་ཟེར།

༡༩༧༥ ལོར་རྒྱ་རིགས་ཝང་དང་རྒྱ་གར་གྱི་བུ་མོ་སུའུ་ཤི་ལཱ་Sushila གཉེན་སྒྲིག་བྱས།

༡༩༧༥ ལོར་རྒྱ་རིགས་ཝང་དང་རྒྱ་གར་གྱི་བུ་མོ་སུའུ་ཤི་ལཱ་Sushila གཉེན་སྒྲིག་བྱས།

ཝང་གིས་ཚོང་རྒྱག་རྒྱུའི་ཐབས་ཤེས་བྱས་ཀྱང་། ཁོ་ལ་ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་མེད་པ་མ་ཟད། ཡུལ་དེའི་སྐོར་སྲུང་བ་ཚོས་ཁོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་པོ་བྱས་སྟབས་ཁོས་ཚོང་རྒྱག་ཐུབ་མེད་པ་དང་། ཁོའི་གྲོགས་པོ་དང་ལོ་མང་རིང་གི་ཁྱིམ་མཚེས་བྷི་བྷི་སིང་(BB Singh)གིས་བརྗོད་དོན། “ཁོ་ནི་མི་དྲང་པོ་ཞིག་རེད། ཐེངས་ཤིག་རྒྱ་གར་སྐོར་སྲུང་བས་ཝང་ལ་ལྐོག་དངུལ་བསླངས་སྐབས། ཁོས་མ་སྤྲད་སྟབས་སྐོར་སྲུང་བས་ཁོ་ལ་ཉེས་རྡུང་གཏོང་གི་ཡོད་པ་ངས་དངོས་སུ་མཐོང་སོང་།”ཞེས་ཟེར།

ཡང་སྔོན་མ་ཁོའི་ཁྱིམ་མཚེས་ལ་བསྡད་མྱོང་མཁན་མིང་ལ་ཇ་ལེན་ཏི་ལཱལ་ཝ་གཱི་ལཱ་(Jayanti lal Waghela)ཟེར་བ་ཞིག་གིས། “ཁོས་རྟག་པར་ང་ཚོར་རྒྱ་ནག་ནང་ཡོད་པའི་ཁོའི་ནང་མིའི་སྐོར་བཤད་པ་དང་། ཁོ་ཚོའི་ནང་མིའི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡོད་པའི་སྐོར་ཡང་ནས་ཡང་དུ་བཤད་པ་རེད།”ཅེས་ཟེར།

ཝང་གིས་རྒྱ་ནག་ཏུ་ཡོད་པའི་རང་གི་ནང་དུ་ཡི་གེ་ཐེངས་མང་བསྐུར་མྱོང་ཡོད། འོན་ཀྱང་། ཁོ་ལ་ ༡༩༨༠ ལོར་ཐེངས་དང་པོར་ནང་ནས་ཡིག་ལན་ཞིག་འབྱོར་ཡོད། དེ་ནས་ཁོང་ཚོས་ཕན་ཚུན་ལ་དཔར་སྐུར་རེས་བྱེད་པའི་གོ་སྐབས་བྱུང་།

ཁོས་ ༢༠༠༢ ལོར་ཁ་པར་བརྒྱུད་དེ་རང་གི་ཨ་མར་ལོ་ངོ་ ༤༠ རྗེས་ལ་ཐེངས་དང་པོར་སྐད་ཆ་བཤད་ཐུབ་པ་བྱུང་ཡོད། ཁོས་བརྗོད་པ་ལྟར་ན་ཁོའི་ཨ་མས། “ཁོ་མོ་ད་ནི་འཆི་ལ་ཉེ་པ་དང་། ཁོ་མོ་མ་འཆི་སྔོན་ལ་ཐེངས་ཤིག་ང་མཐོང་འདོད་འདུག་ལབ་སོང་། ངས་ཁོ་མོར་ང་ཕྱིར་ལོག་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱིན་ཡོད་ཞུས་པ་ཡིན། ངས་ཕྱིར་འཐོན་ཡིག་ཆ་(Exit Document)རེག་ཐབས་ལ་འབྲེལ་ཡོད་ཚང་མར་འབྲེལ་བ་བྱས་ཟིན། འོན་ཀྱང་། དོན་འབྲས་སོན་མ་སོང་”ཞེས་བརྗོད་སོང་།

༢༠༠༦ ལོར་འདས་གྲོངས་སུ་ཕྱིན་པའི་སྐུ་ཞབས་ཝང་གི་ཨ་མ་ལགས་འདྲ་པར།

༢༠༠༦ ལོར་འདས་གྲོངས་སུ་ཕྱིན་པའི་སྐུ་ཞབས་ཝང་གི་ཨ་མ་ལགས་འདྲ་པར།

༢༠༠༩ ལོར་ཝང་གི་ཚ་བོ་ཞིག་རྒྱ་གར་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་སྐབས་ཁོ་ལ་ཐུག་འཕྲད་དུ་འབྱོར་ཡོད་པ་དང་། སྐབས་དེར་ཚ་བོས་ཁོ་ལ་ཕྱི་སྐྱོད་ལག་འཁྱེར་བཟོ་རྒྱུར་དགོས་ངེས་ཀྱི་ཡིག་ཆ་བསྡུ་རུབ་ཐོག་རོགས་པ་བྱས་ཡོད་འདུག

ཝང་རྒྱ་ནག་ཏུ་ཕྱིར་ལོག་བྱེད་ཐུབ་མིན་ནི་ད་དུང་ང་ཚོས་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་ལ། གལ་སྲིད་ཁོ་ལ་ཕྱི་སྐྱོད་ལག་འཁྱེར་རག་པའི་དབང་དུ་བྱས་ཀྱང་ཁོ་རྒྱ་ནག་ཏུ་ཕྱིན་རྗེས་ཕྱིར་རྒྱ་གར་དུ་ལོག་སྲིད་དམ།

ཁོས་རང་གི་པང་དུ་བཟུང་ཡོད་པའི་ཚ་མོ་ཆུང་ཆུང་དེར་རྩེད་མོ་རྩེ་ཞོར་དུ་ང་ལ་འདི་ལྟར་བརྗོད་བྱུང་ “ངའི་ནང་མི་འདི་ལ་ཡོད། ང་གང་དུ་འགྲོ་དགོས་རེད།” ཟེར། འོན་ཀྱང་། དེ་ལ་ཁོའི་ཆུང་མ་སུ་ཤི་ལཱས་སེམས་ཁྲལ་བྱེད་ཀྱིན་འདུག མོས་ང་ལ་ “ངས་ཁོ་རྒྱ་ནག་ཏུ་ཕྱིན་ཡང་རྒྱ་གར་ལ་ཕྱིར་ལོག་ཡོང་བའི་རེ་བ་བྱེད་ཀྱི་ཡོད།” ཅེས་བརྗོད་བྱུང་།

སྐུ་ཞབས་ཝང་གི་ད་ལྟའི་ནང་མི།

སྐུ་ཞབས་ཝང་གི་ད་ལྟའི་ནང་མི།

རྒྱ་གར་བརྙན་འཕྲིན་གསར་གནས་ཐོག ཝང་ཆི་ཁོང་ད་ལྟ་རང་ལོ་ ༧༨ ཡིན་པ་དང་། ༡༩༦༢ ལོར་རྒྱ་གར་དང་རྒྱ་ནག་དམག་འཁྲུག་བྱུང་སྐབས། ཁོ་རང་ལམ་ནོར་ཐེབས་ཏེ་རྒྱ་གར་ས་ཁོངས་སུ་འཛུལ་ཡོད་པ་དང་། ༡༩༦༣ ཟླ་ ༡ ཚེས་ ༡ ཉིན་ཨ་སམ་ནས་རྒྱ་གྲམ་དམར་པོ་ཚོགས་པས་ཁོ་རང་འཛིན་བཟུང་བྱས་ཏེ་རྒྱ་གར་དམག་མིར་རྩིས་སྤྲོད་བྱས་ཚུལ་འཁོད་འདུག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

4 thoughts on “རྒྱ་དམག་ཅིག་རྒྱ་གར་ནང་མི་ལོ་ ༥༠ ལྷག་རིང་ལུས།

  1. ཆེད་གཉེར་བོད་ཀྱི་དུས་བབ་ཀྱི་གསར་འགོད་པས་དྲི་བ་དྲིས་ལན་བྱེད་ཐུབ་ན་བོད་ས་བཙན་བཟུང་བྱས་པའི་བརྒྱུད་རིམ་ནས་ཁོའི་དཔག་སྡེ་དང་བཀའ་བཀོད། བོད་ལ་དཔུང་འཇུག་གི་བརྒྱུད་རིམ། ཁོང་ཅག་གི་བསམ་ཚུལ་བཅས་ཤེས་ཐབས་གནང་རོགས།