རྒྱ་ནག་ཁོང་ཁྲོ་དེ་ཙམ་ཆེན་པོ་ལང་མེད་པ་འདྲ།

༸གོང་ས་མཆོག་མོན་རྟ་དབང་དུ་ཕེབས་སྐབས་རྒྱ་ནག་གིས་རྒྱ་དཀར་ནག་གི་འབྲེལ་ལམ་ལ་གནོན་སྐྱོན་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་ཀྱང་མི་འགྱངས་བར་རྒྱ་ནག་ཏུ་ཚོགས་འཆར་ཡོད་པའི་བྷི་རཱིཀ་ཚོགས་འདུར་རྒྱ་གར་མཉམ་ཞུགས་བྱ་རྒྱུ་ངོས་ལེན་བྱས་ཡོད་འདུག

དེ་རིང་རྒྱ་གར་དུས་བབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཏུ་ཚོགས་འཆར་ཡོད་པའི་བྷི་རཱིཀ་(Brics)ཞེས་པའི་ཚོགས་འདུ་དེར། རྒྱ་གར་ཕྱི་འབྲེལ་བློན་ཆེན་ལྕམ་སུ་ཤི་མ་སི་ཝ་ར་ཇི་(Sushma Swaraj)ལགས་དང་མཉམ་དུ་ཉུང་མཐར་བློན་ཆེན་གསུམ་ཕེབས་གཏན་འཁེལ་ཡོད་འདུག

ཉེ་ལམ་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་བྱང་ཤར་དུ་ཆིབས་བསྒྱུར་སྐབས་རྒྱ་ནག་གིས་རྒྱ་གར་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་ཀྱང་། ད་ཆར་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ལ་དམིགས་ཏེ་གནད་དོན་དེ་གནས་སྐབས་རིང་སྣང་མེད་བཏང་སྟེ། རྒྱ་ནག་ཏུ་འཚོགས་ལ་ཉེ་བའི་བྷི་རཱིཀ་ཚོགས་འདུར་རྒྱ་གར་མཉམ་ཞུགས་པར་ངོས་ལེན་བྱས་ཡོད།

ཁ་སང་རྒྱ་ནག་ཕྱི་འབྲེལ་བློན་ཆེན་གྱི་སྐུ་ཚབ་ལཱུ་ཀཱང་(Lu Kang)གིས། “རྒྱ་གར་ཕྱོགས་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་སྐབས་གཟབ་ནན་བྱེད་དགོས་པ་དང་། ༸གོང་ས་ཏཱ་ལའི་བླ་མ་བེད་སྤྱོད་བྱས་ཏེ་ང་ཚོའི་སེམས་ལ་རྨ་ཁ་མ་བཟོ་རོགས། དེ་ནི་ས་མཚམས་གནད་དོན་ལ་ཞི་མོལ་ཡག་པོ་ཡོང་བའི་ཐབས་ལམ་ཡིན།” ཞེས་དང་། “གལ་ཏེ་ཚད་དེ་ལས་བརྒལ་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དང་ས་མཚམས་གྲོས་མོལ་ཐོག་གནོད་སྐྱོན་ཡོང་གི་རེད།”ཅེས་བརྗོད་འདུག

བྷི་རཱིཀ་(Brics)ཞེས་པ་ནི་རྒྱལ་ཁབ་ལྔའི་མིང་གི་ཡི་གེ་དང་པོ་ལས་གྲུབ་པའི་བསྡུས་མིང་ཡིན་པ་དང་། རྒྱལ་ཁབ་ལྔ་ནི་བྷར་སེལ་དང་ར་ཤི་ཡ། རྒྱ་གར། རྒྱ་ནག ལྷོ་ཨ་ཧྥི་རི་ཁ་ Brazil Russia India China South Africa བཅས་ཡིན་ཞིང་། ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་རྒྱལ་ཁབ་དེ་དག་གི་ཚོང་འབྲེལ་རྒྱུན་འཁྱོངས་དང་ཡར་རྒྱས་གཏོང་ཕྱོགས་ལ་གྲོས་མོལ་བྱ་རྒྱུ་དེ་ཡིན་འདུག

བྷི་རཱིཀ་གཞུང་འབྲེལ་དྲྭ་རྒྱར་ཚོགས་འདུ་དེའི་ལས་རིམ་འཁོད་པའི་ནང་རྒྱ་གར་ནི་ཚོགས་འདུ་འདིའི་ཚོགས་མི་གལ་ཆེན་ཞིག་ཡིན་སྟབས། རྒྱ་གར་གྱི་དབུ་ཁྲིད་ཚོས་ཚོགས་འདུ་དེའི་མགོ་མཇུག་བར་གསུམ་ལ་མཉམ་ཞུགས་བྱེད་འཆར་ཡོད་པ་འཁོད་འདུག ད་ལོའི་བྷི་རཱིཀ་ཚོགས་འདུ་མཐའ་མ་ནི་ཕྱི་ཟླ་ ༩ ནང་ཚོགས་གཏན་འཁེལ་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་སྲིད་བློན་མོ་དྷི་ཀྱང་མཉམ་ཞུགས་གནང་འཆར་ཡོད་འདུག

རྒྱ་ནག་གིས་སྣེ་ཁྲིད་དེ་འཚོགས་བཞིན་པའི་རྒྱལ་ཁབ་ ༢༠ ཡི་ཚོང་འབྲེལ་ཚོགས་འདུ་(The Belt and Road Forum)ཞེས་པའང་མི་འགྱངས་བར་ཚོགས་འཆར་ཡོད་པ་དང་། རྒྱ་ནག་གཞུང་གིས་ཚོགས་འདི་དེར་རྒྱ་གར་གྱི་སྐུ་ཚབ་མཉམ་ཞུགས་ཡོང་བར་རེ་བ་བྱེད་ཀྱིན་ཡོད་ཀྱང་། རྒྱ་གར་གཞུང་གིས་ངོས་ལེན་བྱེད་ཀྱི་མེད། དེ་ནི་ཚོགས་འདུ་དེ་དར་གོས་ཚོང་ལམ་(Silk Road)གྱི་ཚོང་འབྲེལ་ཚོགས་འདུ་ཞིག་ཡིན་སྟབས། དར་གོས་ཚོང་ལམ་གྱི་ཆ་ཤས་གཙོ་བོ་ཞིག་པ་ཀི་སི་ཐན་(Pakistan)མངའ་འོག་གི་ཀཱཥ་མཱིར་(Kashmir)ས་ཐོག་ཏུ་འཁེལ་ཡོད་ཅིང་། རྒྱ་ནག་གིས་ཀཱཥ་མཱིར་པ་ཀི་སི་ཐན་གྱི་ཡིན་པའི་རྣམ་འགྱུར་འཛིན་གྱི་ཡོད་པ་མ་ཟད། དེ་གར་འཛུགས་སྐྲུན་ལས་གཞི་སྣ་ཚོགས་ཐོག་རོགས་རམ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་ཡིག་ངག་གང་རུང་ནས་རྩོད་རྙོག་ཅན་གྱི་ཀཱཥ་མཱིར་ནི་པ་ཀི་སི་ཐན་གྱི་ཡིན་པར་ངོས་ལེན་མེད་པའི་གསལ་བཤད་མ་བྱས་བར། རྒྱ་གར་ཚོགས་འདུ་དེར་མཉམ་ཞུགས་བྱ་འདོད་མེད།

རྒྱ་ནག་གིས་ཚོགས་འདུ་དེའི་ཆེད་མ་རྩ་ཨ་སྒོར་ས་ཡ་ ༤༠ ཟུར་འཇོག་བྱས་ཡོད་པ་དང་། དབྱིན་ཡུལ་གྱི་སྲིད་བློན་ཊི་རི་སཱ་མེ་ཡཱེ་(Teressa May)ལགས་ཀྱང་མཉམ་ཞུགས་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོས་མཉམ་ཞུགས་བྱ་རྒྱུ་མིན་པའི་རྣམ་འགྱུར་བསྟན་ཡོད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༤/༡༩

Leave a Reply

One thought on “རྒྱ་ནག་ཁོང་ཁྲོ་དེ་ཙམ་ཆེན་པོ་ལང་མེད་པ་འདྲ།

  1. སྲས་སྐུ་ངོ་།

    ད་ཟིག་གོང་གི་རྒྱལ་ཁབ་ལྔ་བོའི་མིང་བོད་ཡིག་ཏུ་བྲིས་ན་ཡག་པོ་འདུག སྔོན་མ་དུས་བབ་གསར་འགྱུར་ནང་དབྱིན་ཡིག་ཐ་སྙད་བྲིས་པ་ཉུང་ཉུང་རེད། དེང་སང་ངའི་ཚོར་སྣང་མིན་ན་དབྱིན་ཡིག་དང་རྒྱ་ནག་གི་ཐ་སྙད་མང་པོ་ཡོད་པའི་སྣང་བ་བྱུང་།

    གོ་ཐོས་ལྟར་ན།འབུམ་རམས་པ་སེང་གེས་གངས་སྐྱིད་ཀྱི་ཁྲི་སྟེང་དུ་བསྡད་རྗེས་བོད་གཞུང་གི་ཡན་ལག་ལས་ཁུངས་ཕན་ཚུན་བར་དབྱིན་ཡིག་གི་ལམ་ནས་གཏོང་བ་ཇེ་མང་ཆགས་པ་རེད། དེ་ན་དུས་བབ་ཚང་ལའང་སེང་གེ་བཀའ་ཤག་གི་ཤུགས་རྐྱེན་བསླེབས་མེད་འགྲོ་བསམས་བསམས་བྱུང་།

    འོ་དེ་ཙམ་རེད།