རྒྱ་ནག་གཞུང་གིས་༸ཏཱ་ལའི་བླ་མའི་ཡང་སྲིད་ཐོག་ཇུས་གཏོགས་མ་བྱས་ན་བཟང་གི་རེད།

ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་སྣེ་ཁྲིད་དེ་གྲོས་ཚོགས་འཐུས་མི་བརྒྱད་བལ་ཡུལ་དང་རྒྱ་གར་དྷ་རམ་ས་ལ་སོགས་སུ་ཕེབས་པའི་སྐོར་ཕྱི་ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་ནང་གསར་འགོད་ལྷན་ཚོགས་བསྐྱངས་ཏེ། འཐུས་མི་རེ་རེ་ནས་གཏམ་བཤད་གནང་ཡོད་པ་ལས་འདིར་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ(Eliot Engel)ལགས་ཀྱི་གཏམ་བཤད་བཀོད་ཡོད།

མགོ་ཁྲིད་ལྩམ་སྐུ་ཞབས་ནེན་སི་པེ་ལོ་སི་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་དམིགས་བསལ་གྱིས་སྐུ་ཚབ་ཚོགས་པ་གོ་སྒྲིག་གནང་བ་ཙམ་ཡིན་པར། ང་རང་ཁྱེད་ཀྱི་མཉམ་དུ་ཁྲིད་གནང་བ་ལ་བཀའ་དྲིན་ཆེ་ཞུ་བ་དང་། ང་ཚོའི་ཕྱོགས་སྐྱོད་དེ་ནི་དངོས་གནས་ཡིད་འོང་འཕྲོག་པ་ཞིག་བྱུང་སོང་ཞུ་རྒྱུ་ཡིན།

ང་ཚོར་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་ཉིན་གཉིས་སྡོད་པའི་གོ་སྐབས་ཐོབ་སོང་། དེ་ནི་དུས་ཚོད་ཧ་ཅང་གལ་ཆེན་པོ་ཞིག་རེད། ང་ཚོས་སློབ་གྲྭ་ཁག་དང་མཛེས་སྡུག་ལྡན་པའི་སློབ་ཕྲུག་ཚོ་དང་ཐུག་པ་ཐུབ་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་མི་སེར་རྣམས་ཀྱིས་རང་གི་ཕྲུ་གུ་ཚོར་ཤེས་ཡོན་སློབ་གསོ་ཇི་ལྟར་སྤྲོད་ཀྱི་ཡོད་མེད་ཀྱང་མཐོང་སོང་།

ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་རྒྱ་གར་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་བཙན་བྱོལ་བ་མི་གྲངས་ ༡༥༠༠༠༠ ལྷག་བོད་ནས་ཡོང་བ་ལ་མཐུན་འགྱུར་རོགས་རམ་ཆེན་པོ་གནང་བར་ངས་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཕྱོགས་ཡོངས་ཀྱི་མང་ཚོགས་ལ་སྙིང་སྟོབས་སྤེལ་གནང་མཁན་གྱི་སྐྱེས་བུ་དམ་པ་ཞིག་རེད།

བོད་མི་བཙན་བྱོལ་བའི་དབུས་བོད་མིའི་སྒྲིག་འཛུགས་ནི་འོས་ཤོག་གི་ལམ་ལ་བརྟེན་པའི་ཡང་དག་པའི་དམངས་གཙོའི་རིང་ལུགས་ཐོག་སྐྱོད་མཁན་ཡིན་པ་མ་ཟད། དེ་ནི་ཡང་དག་པའི་དམངས་གཙོའི་ལམ་ལུགས་ཀྱི་མིག་དཔེར་འོས་པ་ཞིག་རེད། གང་ཡིན་ཟེར་ན། དེ་འདྲིའི་དཀའ་སྡུག་གི་གནས་སྟངས་འོག་གནས་བཞིན་དུ་འོས་བསྡུའི་ལས་རིམ་དང་གྲ་སྒྲིག་སོགས་བྱས་ཏེ་བོད་མིའི་བདེ་དོན་ཆེད་ཕྱག་ལས་གནང་བཞིན་འདུག

བལ་ཡུལ་ནང་གི་བོད་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་ཤིག་འདུག དེར་བརྟེན། ང་ཚོས་བལ་ཡུལ་གཞུང་ལ་བོད་མི་དེ་དག་ལ་དགོངས་ངེས་ཀྱི་ཐོབ་ཐང་དེ་དག་ངེས་པར་དུ་སྤྲོད་དགོས་པའི་རེ་འདུན་བཏོན་པ་ཡིན། བོད་མི་དེ་དག་བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་བར་ནས་ཡུལ་གཉིས་ཀས་ངོས་འཛིན་མ་བྱས་པར་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་དེ་ནི་བློ་ཕམ་དགོས་པ་ཞིག་རེད་འདུག

ཨ་རིའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། དེ་དང་བོད་མི་རྣམས་ཀྱིས་མིང་དོན་མཚུངས་པའི་རང་སྐྱོང་གི་འཐབ་རྩོད་བྱེད་བཞིན་པ་གཉིས་ལ་ནང་འགལ་གང་ཡང་མེད། དེའི་སྐོར་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐེངས་མང་པོར་གསུངས་ཡོད། ཁོང་གིས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལས་ལྷག་པ་གང་ཡང་འཐབ་རྕོད་གནང་གི་མེད་གསུངས་ཡོད། དེར་བརྟེན། རྒྱ་ནག་གཞུང་གིས་དྲག་གནོན་མ་བྱས་པར་བོད་མི་རྣམས་ལ་རང་གི་ཐུན་མིན་ཁྱད་ཆོས་ལྡན་པའི་རིག་གཞུང་དང་ཆོས་ལུགས། སྐད་ཡིག་སོགས་འཇིགས་སྣང་གང་ཡང་མེད་པར་རང་དབང་ཐོག་འཛིན་སྐྱོང་སྤེལ་གསུམ་བྱེད་འཇུག་དགོས་ལ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་གྲོས་མོལ་གང་མགྱོགས་སླར་གསོ་བྱེད་དགོས།

གལ་ཏེ་ང་ཚོ་ལྟར་ཁྱེད་རྣམ་པས་བོད་མི་ཚོ་དང་མཉམ་སྡོད་བྱས་པ་ཡིན་ན་པེ་ཅིན་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་པའི་བོད་དང་དོན་དངོས་ཀྱི་བོད་གཉིས་གཏན་ནས་མི་འདྲ་བ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཀྱི་རེད།

དེ་ལ་གནད་དོན་གལ་ཆེ་ཤོས་ཤིག་ནི། རྒྱ་ནག་གཞུང་གིས་༸ཏཱ་ལའི་བླ་མའི་ཡང་སྲིད་ཐོག་ཇུས་གཏོགས་མ་བྱས་ན་བཟང་གི་རེད། གནད་དོན་དེ་བོད་མི་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐུགས་ཐག་གཅོད་གནང་གི་རེད། ཁོང་ད་ལྟ་དགུང་གྲངས་ ༨༢ ལ་ཕེབས་ཡོད། རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་རང་མོས་ལྟར་༸ཏཱ་ལའི་བླ་མའི་ཡང་སྲིད་རྫུན་བཟོ་བྱས་ཏེ་ཨུ་ཚུགས་མ་བྱེད་རོགས། ངའི་བསམ་པར་༸ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ནི་ཆོས་ཕྱོགས་ལས་ཆབ་སྲིད་ཀྱི་གནད་དོན་ཞིག་རྩ་བ་ནས་མིན་པ་གསལ་པོ་རེད་བསམ་གྱི་འདུག

ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ལྷག་པར་དུ་དམངས་གཙོ་ཚོགས་པས་སེམས་འཚབ་ཧ་ཅང་བྱེད་དགོས་པ་ནི། སྲིད་འཛིན་ཊི་རུམ་ཕི་མཆོག་གི་ཨ་རིའི་རོགས་དངུལ་ཕོན་ཆེན་ཞིག་ཉུང་འཕྲི་གཏོང་རྒྱུའི་སྲིད་བྱུས་དེར་ང་ཚོས་ངོ་རྒོལ་ཡོད། རོགས་དངུལ་དེ་དག་ཨ་རིའི་ཐེབས་རྩ་ཁང་བརྒྱུད་དེ་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་བཙན་བྱོལ་བ་རྣམས་ལ་ཤེས་ཡོན་དང་འཕྲོད་བསྟེན། དཔལ་འབྱོར་སོགས་ཡར་རྒྱས་གཏོང་རྒྱུའི་ལས་གཞིར་མཐུན་འགྱུར་སྦྱོར་བཞིན་ཡོད། ད་ལྟའི་འཆར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ས་མིག་སྟོང་པ་ཡིན་སྟབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དེའི་ཐད་དགོངས་པ་བཞེས་དགོས།

ང་ཚོ་རྒྱ་གར་དུ་བསྐྱོད་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་རྣམས་ཀྱིས་སྣེ་ལེན་ཧ་ཅང་ཡག་པོ་གནང་བྱུང་། མཛད་སྒོའི་ཐོག་མི་གྲངས་སྟོང་ཕྲག་མང་པོ་ཕེབས་འདུག ལྷག་པར་མཛད་སྒོ་ཚོགས་ཡུལ་གྱི་ཕྱི་རོལ་དུ་མི་མང་ཧ་ཅང་ཕོན་ཆེ་འཛོམས་འདུག སྐབས་དེར་ང་ཚོ་ཚང་མས་གཏམ་བཤད་སྤེལ་བ་རེད། དེ་ནི་ངས་ཧ་ཅང་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་དགོས་པའི་དུས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད།

ཨ་རིའི་མི་མང་གིས་བོད་མི་རྣམས་བརྗེད་མེད།   ང་ཚོ་དུས་རྟག་ཏུ་ཁྱེད་ཚོ་དང་མཉམ་དུ་ཡོད་པ་མ་ཟད། ཁྱེད་ཚོའི་གནས་སྟངས་ལ་ང་ཚོས་དོ་སྣང་ཧ་ཅང་ཆེན་པོའི་ཐོག་ནས་དུས་ནས་དུས་སུ་རྟོག་ཞིབ་བྱེད་བཞིན་ཡོད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༢༠

Leave a Reply

One thought on “རྒྱ་ནག་གཞུང་གིས་༸ཏཱ་ལའི་བླ་མའི་ཡང་སྲིད་ཐོག་ཇུས་གཏོགས་མ་བྱས་ན་བཟང་གི་རེད།

  1. བསམ་འགྲུབ།

    མི་འདིའི་གཏམ་བཤད་དེ་ཁ་ཡོད་ལག་ཡོད་རེད
    ཨ་རིའི་སྲིད་འཛིན་ཊོམ་གྱིས་བོད་པའི་རོགས་དངུལ་བཀག་པ་ཡིན་ན་བཙན་བྱོལ་བོད་མི་ཚོར་གྱོང་ཆེན་པོ་ཞིག་རེག་རྒྱ་ཡིན་པ་བཤད་མ་དགོས་པ་རེད།