རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་ཏིན་ལ་དྲན་གསོ་བྱས་མེད།

ཏིན་ནི་རྒྱ་ནག་གི་དཔལ་འབྱོར་བསྐྱར་བསྐྲུན་གྱི་རྨང་འདིང་མཁན་དང་བཅོས་བསྒྱུར་སྒོ་འབྱེད་བྱེད་མཁན་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་ད་ལྟ་རྒྱ་ནག་གཞུང་གིས་ཁོང་གི་འདས་སྐར་ལ་རྗེས་དྲན་བྱས་མེད།

ཕྱི་ཟླ་ ༢ པའི་ཚེས་ ༡༩ ཉིན་ནི་རྒྱ་ནག་དམར་ཤོག་གཞུང་གི་དབུ་ཁྲིད་སྐབས་གཉིས་པ་ཏིན་ཞོ་ཕིན་གྲོངས་ནས་ལོ་ངོ་ ༢༠ འཁོར་བའི་ཉིན་མོར་འཁེལ་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་རྗེས་དྲན་དང་དྲན་གསོའི་ཤིས་ཚིགས་སོགས་གང་ཡང་སྤེལ་མེད་པར་ཁུ་སིམ་སིམ་ཆགས་ཡོད།

ཏིན་ནི་ ༡༩༩༧ ལོའི་ཟླ་ ༢ ཚེས་ ༡༩ ཉིན་གྲོངས་ཡོད་པ་དང་། སྐབས་དེར་ཁོང་དགུང་ལོ་ ༩༢ ཡིན། ཁོང་ནི་རྒྱ་ནག་གི་དཔལ་འབྱོར་བསྐྱར་བསྐྲུན་ལ་རྨང་འདིང་མཁན་གྱི་དབུ་ཁྲིད་དེ་ཡིན་པར་ཀུན་གྱིས་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། ཐེངས་འདིའི་ཁོང་འདས་གྲོངས་ཉིན་མོར་རྒྱ་ནག་ཞིན་ཧཱ་གསར་འགྱུར་དྲ་བ་དང་དབུས་བརྙན་འཕྲིན་ཁང་། རྒྱ་ནག་མི་མང་ཉིན་རེ་ཚགས་པར་སོགས་ཀྱིས་ཁོང་ལ་དྲན་གསོ་དང་མྱ་ངན་སོགས་ཀྱི་གསར་འགྱུར་དང་རྩོམ་སོགས་གང་ཡང་བཀོད་མེད།

ཏིན་གྱི་སྐྱེས་ཡུལ་སི་ཁྲོན་ཀོ་ཨན་(Guangan, Sichuan)ལ་བརྟེན་གཞི་བྱས་པའི་མི་མང་དྲ་བ་ (People.com.cn)ཡིས་ཤོག་ངོས་གཅིག་ཙམ་གྱིས་རྗེས་དྲན་མཚོན་པར་བྱས་པ་ཙམ་ལས། དེ་མིན་གྱི་གསར་འགྱུར་བརྒྱུད་ལམ་(PLA Daily)དང་རྒྱ་ནག་གཞོན་ནུའི་ཉིན་རེའི་གསར་འགྱུར་ཁང་(China Youth Daily)སོགས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་ཏིན་གྱི་འདས་སྐར་དེ་གོ་མེད་ཚོར་མེད་དུ་བཞག་ཡོད།

པེ་ཅིན་ཚགས་པར་ཁང་གཅིག་པུས་ཁོང་ལ་དྲན་གསོའི་རྟགས་ཙམ་བསྟན་ཡོད་པ་ནི། “ཏིན་ལ་དྲན་གསོ་བྱེད་སྟངས་ཡག་ཤོས་དེ་ཏིན་གྱི་དཔལ་འབྱོར་བསྐྱར་གསོ་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་དེ་རེད།” ཅེས་ཏིན་གྱི་བྱས་རྗེས་ཆེ་ཤོས་ནི་ཏིན་གྱི་དཔལ་འབྱོར་བསྐྱར་གསོའི་སྐོར་གྱི་སྐད་ཆ་དག་ཡིན་པར་འཁོད་ཡོད། ད་དུང་ “ཏིན་ལ་དྲན་གསོ་བྱེད་པར་མུ་མཐུད་ཏིན་གྱི་དཔལ་འབྱོར་བསྐྱར་གསོ་ལ་མི་སྒེར་རེ་རེ་ནས་འགན་ཁུར་བྱེད་རྒྱུ་ཐབས་ཡག་ཤོས་ཡིན།” ཞེས་སོགས་བཀོད་ཡོད་པ་རེད།

རྒྱ་ནག་གི་རང་དབང་ལོ་རྒྱུས་སྨྲ་བ་ཙོང་ལེ་ཧྥན་(Zhang Lifan)གྱིས་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཚོས་སོ་སོའི་སྐྱེས་སྐར་རོལ་རྒྱུར་མོས་པ་ལས་ཆབ་སྲིད་མི་སྣ་དག་གི་འདས་སྐར་རོལ་རྒྱུར་མི་མོས། ཞེས་ད་ལྟའི་འཛིན་སྐྱོང་གིས་ཏིན་ལ་ཚད་མཐོ་བོའི་དྲན་གསོ་བྱེད་པའི་དུས་ཚོད་དེ་འདས་ཚར་བ་ཞིག་ལ་ངོས་འཛིན་བྱས་ཡོད། ཙོང་ལེ་ཧྥན་གྱིས་བརྗོད་དོན། “ཏིན་གྱི་དུས་རབས་ནི་བསྐྱར་གསོ་དང་སྒོ་འབྱེད་ཀྱི་སྐབས་སུ་ཡིན་ལ། དེ་ནི་ད་ལྟའི་དབུ་ཁྲིད་ཚོའི་གཞུང་འཛིན་གྱི་བསམ་བློ་དང་ཏག་ཏག་འགྲིག་གི་མེད་སྟབས། ཁོང་ལ་ཚད་མཐོ་བོའི་དྲན་གསོ་བྱེད་པའི་དུས་ཚོད་ཡོལ་ཚར་བ་རེད།” ཅེས་བརྗོད་ཡོད་པ་རེད།

ཧྲང་ཧེ་ཆབ་སྲིད་ཚན་རིག་དང་ཁྲིམས་ལུགས་གཙུག་ལག་སློབ་གྲྭའི་ཆན་ཏོ་ཡཱན་(Chen Daoyin)གྱིས་སྲིད་འཛིན་ཞི་ཅིན་ཕིན་ལ་མཚོན་ན། གཞན་ལ་ཚད་མཐོའི་དྲན་གསོ་བྱེད་པར་འདོད་མོས་མེད་དོན་དེ། ཁོ་ནི་རང་གི་མགོ་ཁྲིད་གོ་གནས་སྲ་བརྟན་དང་ཆེ་མཐོང་ལྡན་པར་བཟོ་བར་འབད་མཁན་ཞིག་ཡིན་པས་རེད། ཅེས་བརྗོད་ཡོད།

ཆན་གྱིས་ “ད་ལྟ་ནི་ཞི་ཡི་དུས་རབས་ཡིན་པས་ཁོ་གཏན་ནས་ཁོང་གི་སྔོན་མའི་སྲིད་འཛིན་དག་གི་མཛད་རྗེས་ཀྱི་གྲིབ་འོག་ནས་འདུག་གི་མ་རེད། དེ་ནི་ཁོ་རང་མི་སྒེར་གྱི་གོ་གནས་སྲ་བརྟན་ལ་སྣང་བརྙན་མི་ལེགས་པ་འབྱུང་བར་དོགས་ཀྱི་ཡོད་པ་རེད།” ཅེས་བརྗོད་འདུག

ཞི་ཡིས་རང་གི་གོ་གནས་དང་སྟོབས་ཤུགས་དེ་ལྐོག་ཟ་རུལ་སུངས་དང་། ལྷག་པར་དུ་ལྟ་བ་མི་མཐུན་མཁན་དང་ཚོང་པ་སོགས་ལ་ཁ་གཏད་བཅག་སྟེ་ཁོ་རང་གི་སྣང་བརྙན་བཞེངས་སྐྲུན་བྱེད་ཀྱིན་ཡོད་མོད། ཡིན་ནའང་ཞི་ཡིས་ལྐོག་ཟ་རུལ་སུངས་ལ་ནག་ཉེས་འགེལ་སྟངས་དེ་དག་ནི། སྔོན་ཆད་སྲིད་ཇུས་སྒོ་འབྱེད་དང་དཔལ་འབྱོར་བསྐྱར་གསོའི་སྲིད་ཇུས་སྤེལ་སྐབས་ཀྱི་སྲིད་གཞུང་གིས་ཁེ་ཕན་སྒྲུབ་སྟངས་དང་གཅིག་མཚུངས་ཆགས་ཡོད་པ་རེད།

ཆན་གྱིས་ཞི་ཡི་གཞུང་ངོས་ནས་ཏིན་གྱི་བྱས་རྗེས་དག་གཡུག་པ་མིན་ཡང་ཁོ་རང་གི་གནས་བབ་དང་འཚམས་པའི་ཚད་གཞི་ཞིག་ལ་བཞག་ཡོད་པར་ངོས་འཛིན་བྱས་ཡོད།

གསར་འགྱུར་རྩོམ་ཡིག་འདི་རྩོམ་པ་པོ་ Zhuang Pinghui ལགས་ཀྱིས་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་དྲ་བར་ཟླ་འདིའི་ཚེས་ ༡༩ ཉིན་སྤེལ་ཡོད་པ་ལས་བསྡུ་སྒྱུར་བྱས།  

སངས་རྒྱས་དཀོན་མཆོག

 

 

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་ཏིན་ལ་དྲན་གསོ་བྱས་མེད།