རྒྱ་ནག་གི་ཁྲིམས་རྩོད་པ་ཞའེ་ཡཱང་ལ་བཙོན་ཁང་ནས་བཅར་འདྲི་བྱས། (༡)

རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་འཐབ་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྐུ་ཞབས་ཞའེ་ཡཱང་(Xie Yang)ལགས། ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ངོ་ལོག་པ་དང་སྤྱི་ཚོགས་ལ་ཟིང་ཆ་སློང་མཁན་གྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་དང་། ཉེ་ལམ་ ༢༠༡༧ ཟླ་ ༡ ཚེས་ ༤ ཉིན་ཁོང་གི་བཟའ་ཟླ་ཁྲིན་ཀཱོ་ཆོ་ལགས་ཀྱིས་ཁྲིམས་རྩོད་པ་གཉིས་གླས་ཏེ། ཁྲཱང་ཧྲ་བཙོན་ཁང་དུ་བསྐྱོད་དེ་ཁོང་ལ་བཅར་འདྲི་ཞུས་པའི་དུམ་ཚན་དང་པོ།

བཅར་འདྲི་བྱ་ཡུལ། ཞའེ་ཡཱང་། (Xie Yang)

བཅར་འདྲི་ཞུ་བའི་དུས་ཚོད།   ༢༠༡༧ །༡ ། ༤ ། (༣: ༠༨: ༥༦ P. M) སྟེང་ལ་བཅར་འདྲི་མགོ་ཚུགས།

བཅར་འདྲི་ཞུ་སའི་ས་གནས།   ཁྲཱང་ཧྲ་(Changsha)བཀག་སྐྱིལ་ལྟེ་གནས་ཨང་གཉིས་པའི་འདྲི་གཅོད་ཁང་མིག་(༢)པ།

བཅར་འདྲི་མཁན། ཁྲིམས་རྩོད་པ་ཁྲིན་ཅེན་ཀཱང་(Chen Jiangang)དང་ལའུ་ཊིན་ཆེན་(Liu Zhengqing)གཉིས་ཡིན།

བཅར་འདྲི་ཡིག་ཐོག་ཏུ་ཕབ་མཁན། ཁྲིན་ཅེན་ཀོང་།

ཁྲིམས་རྩོད་པ། ཞེའུ་ཡུང་བདེ་མོ། ངེད་གཉིས་ཁྱེད་ཀྱི་བཟའ་ཟླ་ཁྲིན་ཀཱོ་ཆོ་ (Chen Guiqiu)ཡིས་གླས་པའི་ཁྲིམས་རྩོད་པ་ཁྲིན་ཅེན་ཀོང་དང་ལཱོ་ཙུང་ཆཱན་ཡིན། ཉིད་ཀྱིས་འཆར་གཞི་འདི་ལ་དང་ལེན་བྱ་ཐུབ་བམ།

ཞའེ་ཡཱང་། རེད། ཁྱེད་གཉིས་ངའི་ཁྲིམས་རྩོད་པར་བསྐོ་བཞག་བྱས་ཡོད་པས་དང་ལེན་བྱ་ཆོག

ཁྲིམས་རྩོད་པ།   དེ་རིང་ང་ཚོས་ཉིད་ཀྱི་ཉེས་དོན་སྐོར་ནས་བཅར་འདྲི་ཁ་ཤས་བྱེད་རྒྱུ་ཡིན། ཉིད་ཀྱིས་དུས་ཚོད་དམ་འཛིན་བྱས་ཏེ་ང་ཚོར་ཁྱོད་འཛིན་བཟུང་བྱས་པའི་བརྒྱུད་རིམ་དང་འདྲི་རྩད་ག་རེ་བྱས་མིན་སོགས་འགྲེལ་བཤད་ཅིག་གནང་རོགས།

ཞའེ་ཡཱང་། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ པའི་ཚེས་ ༡༡ ཉིན་གྱི་ཞོགས་པ་སྔ་མོ་ང་ཧོ་ནཱན་ཧོང་ཅོང་གྲོང་ཁྱེར་གྱི་ཆཱན་ཙཱོ་མགྲོན་ཁང་ (湖南怀化洪江市托口镇黔洲大酒店)དུ་ཉལ་ནས་བསྡད་ཡོད་སྐབས། མི་སྐོར་ཞིག་བཙན་ཚུགས་ཀྱིས་ངའི་ནང་དུ་འཛུལ་ནས་བསླེབས་སོང་། ཁ་ཤས་ཀྱིས་ཉེན་རྟོག་པའི་གྱོན་ཆས་རིགས་གང་ཡང་གྱོན་མི་འདུག གཞན། ཁ་ཤས་ཀྱིས་ཉེན་རྟོག་སྒྲིག་ལྭ་བ་གྱོན་འདུག་ན་ཡང་། ཁོ་ཚོ་སུ་ཞིག་ཡིན་པ་དང་ག་རེ་ཆེད་ཡིན་པའི་ངོས་འཛིན་རྟགས་སོགས་ཅི་ཡང་མི་འདུག ཁོ་ཚོས་ང་ལ་གཞུང་གིས་འཛིན་བཟུང་བཀའ་ཡིག་ཅིག་སྟོན་བཞིན་སྐད་ཆ་གཞན་གང་ཡང་འདྲི་ལོང་མ་བྱུང་བར་ཧོང་ཅེན་གྲོང་ཁྱེར་སྤྱི་དམངས་བདེ་དོན་ཁང་དུ་ཁྲིད་སོང་། སྐབས་དེར་ངའི་ལག་ན་ཁྲིམས་རྩོད་ལག་འཁྱེར་དང་སྒོར་ཁུག་དངུལ་བྱང་། ངའི་ངོས་འཛིན་དཔང་ཡིག་དང་རྒྱབ་ཁུག་སོགས་ཡོད། རྒྱབ་ཁུག་དེ་ཁོ་ཚོས་ང་འཛིན་བཟུང་བྱས་ནས་འོག་ཤོད་དུ་སླེབས་པ་དང་འཕྲོག་འགྲོ་སོང་། ཁོ་ཚོས་ང་འཛིན་བཟུང་ཆེད་མི་མང་པོ་བཏང་འདུག་ལ། རླངས་འཁོར་གསུམ་གྱིས་སྒུག་ནས་འདུག་པ་ངས་མཐོང་སོང་།

ཁྲིམས་རྩོད་པ། ཧོང་ཅེན་གྲོང་ཁྱེར་སྤྱི་དམངས་བདེ་དོན་ཁང་ལ་ཁྲིད་རྗེས་ག་རེ་བྱས་སོང་།

ཞའེ་ཡཱང་། ང་ཚོ་དོན་རྐྱེན་བྱུང་ས་ནས་འབབ་ཚིགས་ལ་བསླེབས་དུས་ཞོགས་པའི་ཆུ་ཚོད་ ༦ ཡས་མས་ཤིག་རེད། དེ་ནས་མི་ཞིག་གིས་ང་འདྲི་གཅོད་ཁང་དུ་ཁྲིད་ནས་འདྲི་གཅོད་བྱེད་སའི་ལྕགས་ཀྱི་རྐུབ་སྟེགས་དེར་སྡོད་དུ་བཅུག་བྱུང་། སྐབས་དེར་ང་རྐུབ་སྟེགས་ལ་བསྡད་པ་དང་ཁོ་ཚོས་ང་ལ་རྐང་ལྕགས་ལག་ལྕགས་བརྒྱབ་སོང་། དུས་དེ་ནས་བཟུང་ཁོ་ཚོས་ང་ལ་འདྲི་རྩད་བྱེད་ཀྱི་ཡོད་རུང་མེད་རུང་ལྕགས་བརྒྱབ་ནས་བཞག་པ་རེད།

ཁྲིམས་རྩོད་པ། སྐབས་དེར་སུ་གཅིག་གིས་ཁྱོད་ལ་འཛིན་བཟུང་བཀག་སྐྱིལ་འོག་ལ་ཡོད་ཚུལ་དང་། ཁྱོད་ལ་གློ་བུར་དུ་ལྕགས་རྒྱག་དགོས་དོན་སོགས་འགྲེལ་བརྗོད་གནང་བྱུང་ངམ།

ཞའེ་ཡཱང་། མ་བྱུང་། སུ་གཅིག་གིས་ཀྱང་ང་ལ་གནད་དོན་ཅི་ཞིག་དང་ཁྲིམས་གཞི་གཏན་འབེབས་ག་རེ་འོག་འཛིན་བཟུང་བྱས་ཚུལ་སོགས་གང་ཡང་བརྗོད་མ་སོང་། ཁོ་ཚོས་ང་ལ་ལྕགས་བརྒྱབ་སྟེ་བཞག་ནས་འགྲོ་སོང་། ང་ལ་ཁ་ཡ་བྱེད་མཁན་སུ་གང་ཡང་མི་འདུག ཆུ་ཚོད་གསུམ་ལྷག་ཅིག་ལ་དེ་ལྟར་ལྕགས་བརྒྱབ་ནས་བཞག་སོང་།

ཁྲིམས་རྩོད་པ། དེ་རྗེས་ག་རེ་བྱུང་སོང་།

ཞེའུ། ཆུ་ཚོད་དགུ་པ་ཡོལ་ཙམ་ལ་ཉེན་རྟོག་པ་གཉིས་ནང་དུ་བསླེབས་བྱུང་། ཁོ་ཚོར་ང་ལ་སྟོན་རྒྱུའི་ངོས་འཛིན་དཔང་རྟགས་སོགས་གང་ཡང་མི་འདུག ངས་ཁོ་ཚོས་སྐད་གདངས་ལ་ཉན་ན་ཁོ་ཚོ་ཧོང་ཅན་ས་གནས་ཉེན་རྟོག་པ་མིན་པ་རྟོགས་ཐུབ་ཀྱི་འདུག ཁོ་ཚོ་དེ་སྔོན་ང་འཛིན་བཟུང་བྱེད་མཁན་དག་གི་ནང་དུ་མེད་སྟབས། རྗེས་ནས་ཡོང་བ་ངེས་གཏན་རེད།

ཁྲིམས་རྩོད་པ། ཁོ་ཚོས་ཁྱོད་ལ་དྲི་བ་ག་རེ་དྲིས་བྱུང་

ཞའེ་ཡཱང་། ཁོ་ཚོས་ང་ལ་ཁྲིམས་འགལ་ཚོགས་པའི་(འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་ཚོགས་པ།) ནང་དུ་འཛུལ་ཞུགས་བྱས་ཡོད་མེད་དང་།   དེ་བཞིན། དེའི་སྐོར་ནས་དྲི་བ་གཞན་ཁ་ཤས་དྲིས་བྱུང་། ངས་ཁོ་ཚོར་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་ཚོགས་པ་ཟེར་བ་ཞིག་ཡོད་པ་ངས་མི་ཤེས་ཞེས་བཤད་མོད། ཁོ་ཚོས་སྐད་འཕྲིན་སྟེང་དེ་འདྲའི་ཚོགས་པ་ཞིག་ཡོད་པ་རེད། ཁྲིམས་རྩོད་ཚོགས་པ་དེར་ཞུགས་མཁན་ཚོ་རང་བཞིན་གྱིས་རྒྱ་ནག་གཞུང་ལ་ངོ་ལོག་པ་དང་། སྤྱི་ཚོགས་ལ་ཟིང་འཁྲུག་སློང་མཁན་ཆགས་བསྡད་ཡོད་པ་རེད་ཟེར། ངས་ཁོ་ཚོར་ང་ཚོགས་པ་དེའི་ཚོགས་མི་ཞིག་ལས་གཞན་ཅི་ཡང་མིན་ཞེས་བཤད་མོད། དེ་ནས་ཁོ་ཚོས་ང་ལ་སྐད་འཕྲིན་ཚོགས་པ་དེ་སུ་ཞིག་གིས་དོ་དམ་བྱེད་ཀྱི་ཡོད་མེད་དང་། ལས་དོན་ག་རེ་སྒྲུབ་ཀྱི་ཡོད་མེད་སོགས་མང་པོ་དྲིས་སོང་།

ཁྲིམས་རྩོད་པ། ཁྱེད་ཀྱིས་ཁོ་ཚོར་དྲིས་ལན་ཅི་ལྟར་བཏབ་པ་ཡིན།

ཞའེ་ཡཱང་། ངས་ཁོ་ཚོར་ཚོགས་པ་དེའི་ཚོགས་མི་ཕལ་ཆེ་བ་ཁྲིམས་རྩོད་པ་ཡིན་པ་དང་། ཚོགས་པ་དེ་དགའ་ཕྱོགས་གཅིག་པའི་མི་མང་པོ་མཉམ་དུ་འདུས་པ་ཞིག་ཡིན་པ། ང་ཚོར་མཚོན་ན་ཚོགས་པ་དེ་གནས་ཚུལ་བརྗེ་རེས་བྱེད་ས་ཙམ་ལས་ལྷན་ཚོགས་ཤིག་མིན་པར། ཚང་མ་རང་དབང་དང་འདྲ་མཉམ་ཡིན་པ་ལས་དེ་ལ་སུ་ཞིག་གིས་ཀྱང་སྣེ་ཁྲིད་པའི་རྩ་འཛུགས་སོགས་མེད་པར་ཕན་ཚུན་ལ་གནས་ཚུལ་བརྗེ་རེས་དང་འཕྲིན་ཐུང་སྐུར་ས། མཐའ་ན་མཚམས་མཚམས་རྕེད་མོ་རྩེད་ས་ཡང་བྱེད་ཀྱི་ཡོད་པ་སོགས་ལབ་པ་ཡིན།

ཁྲིམས་རྩོད་པ། དེ་ནས།

ཞའེ་ཡཱང་། དེ་ནས་ཉེན་རྟོག་མི་སྣ་ཞིག་གིས་ང་ཚོའི་ཚོགས་པ་དེས་གནད་དོན་གང་ཡང་རུང་བའི་སྐོར་ལ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པའི་ལྷན་ཚོགས་ཀྱི་མིང་ཐོག་ནས་སྤྱི་ཚོགས་ནང་ལ་བསམ་ཚུལ་དང་། གསལ་བསྒྲགས་སོགས་སྤེལ་ཡོད་མེད་དྲིས་བྱུང་། ངས་དེ་འདྲ་ང་ཚོར་ཡོད་པ་རེད། ཡིན་ཡང་། དེ་དག་ང་ཚོ་མི་སྒེར་སོ་སོས་བྱས་པ་ཡིན་སྟབས། མི་སྒེར་སོ་སོའི་དང་བླང་གི་ངང་ནས་འགན་ལེན་གྱི་རེད་ཅེས་བརྗོད་པར། ཁོ་ཚོས་ང་ལ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་ལྷན་ཚོགས་ཟེར་བ་ནས་ཕྱིིར་འབུད་རྒྱུར་འདོད་པ་ཡོད་དམ་མེད་ཅེས་དྲིས་བྱུང་། ངས་ཁོ་ཚོར་ང་ཐོག་དང་པོ་ནས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཟེར་བ་ཞིག་ལ་ཞུགས་མ་མྱོང་ལ་ང་ཕྱིར་འབུད་དགོས་ས་སོགས་ཅི་ཡང་མེད་ཅེས་བཤད་པར། ཁོ་ཚོས་དངོས་ནས་ཁྱོད་ལ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་ལྷན་ཚོགས་ཟེར་བའི་སྐད་འཕྲིན་ཚོགས་པ་དེ་གཡུག་འདོད་ཡོད་དམ་མེད་ཟེར། ངས་ཁོ་ཚོར་ང་སྐད་འཕྲིན་ཚོགས་པ་ཞིག་གི་ཚོགས་མི་བྱེད་མིན་དེ་ང་རང་གི་རང་དབང་རེད། དེ་ལ་ཁྱེད་ཚོས་བྱུས་གཏོགས་བྱེད་སར་འགྲོ་བ་མ་རེད་ཅེས་བརྗོད་པ་ཡིན།

ཁྲིམས་རྩོད་པ། དེ་རྗེས་ག་རེ་བྱུང་སོང་།

ཞའེ་ཡཱང་། ཁོ་ཚོས་ང་ལ་སྤྱི་དམངས་བདེ་དོན་ལྷན་ཁང་གི་མགོ་གཙོས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཟེར་བའི་སྐད་འཕྲིན་ཚོགས་པ་དེར་ཁྲིམས་ཞིབ་བྱ་དགོས་པའི་དཀའ་ཡོད་པ་དང་། ཚོགས་པ་དེའི་ནང་དུ་སྲིད་གཞུང་གི་ངོ་ལོག་པ་དང་སྤྱི་ཚོགས་ཟིང་ཆ་སློང་མཁན་ཁྲིམས་རྩོད་པ་སོགས་ཡོད་སྟབས། ང་ཚོའི་རེ་བར་ཁྱེད་ཀྱིས་གནད་དོན་དེ་དག་གསལ་བོར་ངེས་ནས་ང་ཚོར་དང་ལེན་བྱས་ན་གུ་ཡངས་དང་ཉེས་པ་མེད་པའི་གྲས་སུ་བཞག་ཆོག་སྐོར་བརྗོད་བྱུང་། དེ་ལྟར་ཆུ་ཚོད་གཅིག་ཙམ་འགོར་སོང་། མཐར་ཁོ་ཚོས་ང་ལ་པེ་ཅིན་དང་ཞིང་ཆེན་གྱི་མགོ་ཁྲིད་ཚང་མས་ཉེས་དོན་འདི་ལ་དོ་སྣང་བྱེད་ཀྱིན་ཡོད་པ་རེད། གལ་ཏེ་ཉིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཟེར་བའི་སྐད་འཕྲིན་ཚོགས་པ་དེ་གཡུག་བཞག་པ་ཡིན་ན་ཁྱོད་ལ་གུ་ཡངས་ཀྱི་ལྟ་ཚུལ་ཡོད་པ་རེད་ཅེས་བརྗོད་བྱུང་། དེ་ནས་ངས་ཁོ་ཚོར་གུ་ཡངས་ཀྱི་ལྟ་ཚུལ་ཟེར་བའི་དོན་ཅི་རེད་ཅེས་དྲིས་པར། ཁོ་ཚོས་ང་ལ་སྐད་འཕྲིན་ཚོགས་པ་དེའི་ནང་གི་ཁྲིམས་རྩོད་པ་ཚང་མར་རྒྱལ་ཁབ་ཀྱི་ས་ནས་སོ་སོ་ནས་འདྲི་རྩད་བཏང་ཡོང་ན་ཁྱེད་ཀྱིས་ཧ་གོ་ཡོང་གི་རེད། གལ་ཏེ་ཁྱོད་ཀྱིས་ང་ཚོས་བཤད་པར་ཁས་ལེན་མ་བྱས་ཚེ་རྗེས་མ་ཁྱོད་ལ་ཁྲིམས་བཤེར་བྱ་དགོས་ཐུག་སྲིད་པ་རེད་ཅེས་བརྗོད་བྱུང་།

ཁྲིམས་རྩོད་པ། དེ་ནས།

ཞའེ་ཡཱང་། སྐབས་དེར་ངའི་བསམ་པར་ཁོ་ཚོས་ང་གཅིག་པུ་ཁྲིད་ཡོང་ནས་སྐད་འཕྲིན་ཚོགས་པ་དེ་གཡུག་མིན་འདྲི་རྩད་བྱེད་བཞིན་འདུག་བསམ་སྟེ། ངས་མུ་མཐུད་དུ་ཚོགས་པ་དེ་སྤྱིར་བཏིང་གི་སྐད་འཕྲིན་ཚོགས་པ་ཙམ་ལས་གཞན་ཅི་གང་མ་རེད་ཅེས་བཤད་བསྡད་པ་ཡིན། དེ་ནས་ཁོ་ཚོས་ང་ལ་སྐད་འཕྲིན་ཚོགས་པ་དེའི་སྐོར་གྱི་སྐད་ཆ་ཤོག་ལྷེ་གཉིས་མ་ཟིན་ཙམ་ཞིག་བཤད་དུ་བཅུག་རྗེས་ས་ཡིག་རྒྱག་བཅུག་སོང་།

བཀའ་རྒྱའི་ནང་དུ་ཁོ་ཚོར་ཞིབ་བཤེར་བྱ་བཞིན་ཡོད་ཅེས་བཤད་འདུག་པ་ལས་སྒང་གི་སྐད་འཕྲིན་སོགས་ཀྱི་སྐོར་ནས་ཅི་ཡང་བཤད་མི་འདུག

ཁོ་ཚོས་ད་དུང་སྔོན་ཆད་ངས་བསྒྲུབས་མྱོང་བའི་ཅཱེན་སོང་ཅོང་(建三江案) ཉེས་དོན་དང་ཆཱེན་ཨན་(庆安枪击案)མེ་མདའི་ཉེས་དོན་སོགས་ཀྱི་སྐོར་ནས་སྐད་ཆ་དྲིས་བྱུང་། ངས་ཁོ་ཚོར་ངས་དེ་དག་གི་ཆ་ཤས་བླངས་པ་ཡིན་ཞེས་བཤད་པར། ཁོ་ཚོས་མི་སུ་ཞིག་གིས་ཁྱོད་ལ་དེ་ལྟར་བསྒྲུབ་པར་སྐུལ་མ་བྱས་སོང་ཞེས་དྲིས་བྱུང་། ངས་ང་ལ་དེ་ལྟར་སྐུལ་མ་བྱེད་མཁན་སུ་ཡང་མེད་ངས་ཉེས་དོན་དེ་དག་ལ་རང་ཉིད་ཀྱི་འདོད་པ་ལྟར་ཆ་ཤས་ལེན་གྱི་ཡོད། ནམ་རྒྱུན་ཉེས་དོན་གང་ཞིག་ལ་ཁྲིམས་རྩོད་པ་གླ་བ་ནི་འགྲོ་ལུགས་ཤིག་ཡིན་སྟབས། དེ་ནི་ང་རང་གི་སྤྱིར་བཏང་གི་ཆེད་ལས་ཤིག་ཡིན་བསམ་ཡོད་ཅེས་བརྗོད་ཡོད་མོད། ངས་རྗེས་སུ་ང་རང་གི་ཉེས་དོན་ཡིག་ཆ་དེ་མཐོང་དུས་ངའི་སྐད་ཆ་དེ་དག་དེའི་ནང་དུ་མི་འདུག

ཁྲིམས་རྩོད་པ། ཁྱེད་ཀྱིས་ཁོ་ཚོར་སྐད་ཆ་དེ་དག་བཤད་པའི་རྗེས་ལ་དོན་དག་ཅི་ཞིག་བྱུང་སོང་།

ཞའེ་ཡཱང་། ངས་སྐད་ཆ་དེ་དག་བཤད་རྗེས། ཁོ་ཚོ་ངའི་ལྟ་ཚུལ་ལ་འདོད་པ་ཁེངས་སོང་ལ། ཁོ་ཚོས་ངས་བཤད་པའི་སྙན་ཐོ་དེ་གོང་རིམ་ལ་འབུལ་རྒྱུ་ཡིན་ཚུལ་བརྗོད་སོང་། ཁོ་ཚོས་ང་ལ་རྗེས་ཕྱོགས་ཁྱོད་ལ་གུ་ཡངས་པའི་ལྟ་ཚུལ་ཡོང་གི་རེད་ཅེས་བརྗོད་བྱུང་། སྐར་མ་བཅུ་ཙམ་གྱི་རྗེས་སམ་ཆུ་ཚོད་ ༡༠:༣༠ ཞིག་ལ་ཉེན་རྟོག་པ་གཞན་ཞིག་ནང་དུ་བསླེབས་སོང་། ཁོས་ང་ལ་ཁོ་རང་མགོ་ཁྲིད་མི་སྣ་མཐོ་གྲས་ཤིག་ཡིན་པ་དང་། མིང་ལ་ལེ་ཁཱ་ཝེ་(李克伟)ཡིན། ཁོ་ངའི་ཉེས་དོན་སྐོར་ལ་ཆེད་དམིགས་འགན་བླངས་ཡོད་ཅེས་ཁོ་རང་ཉིད་ང་ལ་ངོ་སྤྲོད་གནང་སོང་། ངས་ཁོ་ལ་ཁྱེད་རང་གི་ལས་གནས་མཐོ་ཚད་ག་ཚོད་ཅིག་ཡིན་ཞེས་དྲིས་པར། ཁོས་ལག་པས་ངོས་སུ་རི་མོ་སྒོར་དབྱིབས་ཤིག་བྲིས་ནས་བརྩེགས་འདི་ཡོངས་ཀྱི་འགན་ངས་ཁུར་ཡོད་ཟེར། ངས་བསམ་ཚོད་ལ་ཁོ་ཕལ་ཆེར་ཅེན་ཞཱ་སྤྱི་དམངས་བདེ་དོན་ཁང་གི་སྤྱི་ཁྱབ་པ་དང་། ཡང་ན། སྤྱི་ཁྱབ་དྲུང་ཆེ་ལྟ་བུ་ཞིག་ཡིན་ས་རེད་བསམ་སོང་མོད། རྗེས་སུ་ངས་ཤེས་རྟོགས་བྱུང་བར་ཁོ་ཅེན་ཞཱ་སྤྱི་དམངས་བདེ་དོན་ཁང་གི་རྒྱལ་ཡོངས་དྲུང་ཆེ་ཚན་པའི་མགོ་གཙོ་རེད་འདུག

ཁྲིམས་རྩོད་པ། དེ་ནས་ག་རེ་བྱུང་སོང་།

ཞའེ་ཡཱང་། ཁོ་ངའི་ལྟ་ཚུལ་ལ་འདོད་པ་ཁེངས་མ་བྱུང་ཞེས་བརྗོད་བྱུང་། ཁོས་ “ངས་ནམ་རྒྱུན་རང་གི་བྱ་སྤྱོད་ལ་གུ་ཡངས་མོ་བྱེད་བཞིན་ཡོད་པ་ལས་གཞན་གྱི་བྱ་སྤྱོད་རང་གི་སེམས་ལ་ཤུགས་ཆེན་པོས་མི་ཕོག་ཐབས་བྱེད་བཞིན་ཡོད།” ཅེས་བརྗོད་སོང་། ཁོས་ང་ལ་ཁྱོད་ལ་བསྐྱར་དུ་སྐད་ཆ་གསར་བ་འདྲི་རྒྱུ་མ་གཏོགས་ཁོ་ཚོས་ང་ལ་དམིགས་བསལ་གུ་ཡངས་པའི་ལྟ་ཚུལ་སྤྲོད་ཐུབ་ཀྱི་མི་འདུག་ཟེར། ངས་ཁོ་ཚོས་ངའི་སྐད་ཆའི་ཚབ་ལ་ཁོ་རང་ཚོའི་སྐད་ཆ་མང་པོ་ཞིག་བཅུག་པ་དེར་བློ་ཕམ་ཡོད་ཅེས་བརྗོད་པ་ཡིན། ངས་ད་དུང་ཁོ་ལ་ག་རེ་ཞིག་ལ་གཞན་གྱི་བྱ་སྤྱོད་ཁྱེད་ཀྱི་སེམས་ལ་གཏིང་ཟབ་མོས་ཕོག་མི་ཉན་པ་དང་དེའི་དོན་དག་ག་རེ་རེད་ཅེས་དྲིས་པ་ཡིན། ཁོས་ང་ཚོར་ཞིབ་དཔྱོད་གནས་ཚད་ཡག་པོ་ཡོད་ཅེས་བརྗོད་སོང་། གལ་ཏེ་ཁོ་ཚོར་ཞིབ་དཔྱོད་གནས་ཚད་ཡག་པོ་ཡོད་ན་ངས་ངོས་ལེན་མི་བྱེད་དགོས་དོན་མི་འདུག་ཅེས་བཤད་པ་ཡིན། ངས་ཁོ་ལ་འདྲི་གཅོད་པ་སྔོན་མ་དག་ལ་ལྷག་བསམ་རྩ་བ་ནས་མེད་པ་དེར་ང་དངོས་ནས་བློ་ཕམ་བྱུང་། རྒྱུ་མཚན་དེའི་དབང་གིས་ངས་ཁོ་ཚོར་མཉམ་འབྲེལ་བྱེད་འདོད་མེད་པ་ཅགས་སོང་ཞེས་བཤད་པ་ཡིན།

ཁྲིམས་རྩོད་པ།   དེ་རྗེས་ག་རེ་བྱུང་སོང་།

ཞའེ་ཡཱང་། དེ་ནས་ཉེན་རྟོག་པ་གཞན་ཞིག་ཡོང་ནས་ངའི་ཁ་པར་བླངས་ཏེ་གསང་གྲངས་གཏགས་དགོས་སྐོར་བརྗོད་བྱུང་། ངས་ཁོ་ཚོར་ཁྱེད་ཚོར་དེ་ལྟར་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད་ཅེས་ཁས་ལེན་བྱས་མེད། ངས་རྗེས་སུ་ཤཻས་རྟོགས་བྱུང་བར། ཉེན་རྟོག་མི་སྣ་དེ་དག་ནི་ཧོ་ཧོ་(Huaihua )བདེ་སྲུང་ཚན་པ་ནས་རེད་འདུག ཁོ་ཡང་ངའི་ཉེས་དོན་ཞིབ་དཔྱོད་པ་ཞིག་རེད་འདུག ཡིན་ན་ཡང་། ངས་ཁོའི་མིང་ལ་ག་རེ་ཞུ་བ་ཤེས་མ་སོང་།

ཁྲིམས་རྩོད་པ། དེ་ནས་ག་རེ་བྱུང་སོང་།

ཞའེ་ཡཱང་། ཁཱ་ཝེ་(李克伟)ཡིས་ད་ལྟ་ཁོ་ཚོ་ངའི་རྗེས་ལ་ཡོང་མེད་མོད། ཁྱེད་ཀྱིས་རང་གི་ལྟ་ཚུལ་ལ་འགྱུར་བ་བཏང་ནས་ཁོ་ཚོར་མཉམ་འབྲེལ་བྱེད་པའི་རེ་བ་ཡོད་ཅེས་བརྗོད་སོང་། དེ་ནས་ཉིན་གུང་ཟ་མའི་དུས་ཚོད་ཟིན་སོང་། ཟ་མ་བཟས་རྗེས་ཆུ་ཚོད་ལྔ་པ་ནས་དྲུག་པ་མ་ཟིན་ཙམ་བར་འདྲི་གཅོད་བྱེད་མཁན་སུ་ཡང་མི་འདུག ཉེན་རྟོག་པ་ཞིག་ང་སྲུང་མཁན་དུ་བཞག་སོང་། ཁོས་ང་ལ་ལྕགས་བརྒྱབ་ནས་བཞག་པས་མཚན་གང་བོར་གཉིད་ཡག་པོ་ཞིག་ཁུག་ཐུབ་མ་སོང་། ཉེན་རྟོག་པ་དེས་ང་རང་མིག་གིས་འཚོས་འཚོས་ལ་བསྡད་དེ་ཁོ་རང་ཡང་གཉིས་ཁུག་གི་མི་འདུག་པ་མ་ཟད། ངའི་མིག་བཙུམ་པ་དང་གཉིད་ལྕོག་རྒྱག་པ་སོགས་བྱས་ན་ཕུད་རྒྱག་གཏོང་བ་འགྲམ་ལྕག་གཞུ་བ། དམོད་ཚིག་དང་སྡིགས་ར་སྐུལ་བ་སོགས་བྱས་ཏེ། མཚན་གང་བོར་བཙན་ཐབས་ཀྱིས་གཉིད་ཁུག་ཏུ་མ་བཅུག་པར་ཞོགས་པའི་སྐྱ་རེངས་ཤར་རགས་བར་ལྟ་སྲུང་བྱས་སོང་།

ཁྲིམས་རྩོད་པ། ཞོགས་པ་སྐྱ་རེངས་ཤར་བའི་རྗེས་ལ་ག་རེ་བྱས་སོང་།

ཞའེ་ཡཱང་། ཞོགས་པའི་ཆུ་ཚོད་ལྔ་པ་དྲུག་པ་ཞིག་སྐབས་དེར། མི་ཁ་ཤས་གློ་བུར་ཐོལ་བརྒྱག་ལ་ནང་དུ་བསླེབས་སོང་། ཁ་ཤས་ཀྱིས་ཉེན་རྟོག་པའི་ལྭ་བ་གྱོན་འདུག་མོད་ཁ་ཤས་ཀྱིས་སྤྱིར་བཏང་གི་མི་དཀྱུས་མའི་ལྭ་བ་གྱོན་འདུག ཁོ་ཚོས་དཔར་བཤུས་བརྒྱབ་པའི་ཉེས་དོན་ཞིབ་དཔྱོད་ཡི་གེ་ཞིག་འཁྱེར་ཡོང་ནས་ང་ལ་ས་ཡིག་རྒྱག་ཏུ་བཅུག་སོང་། ས་ཡིག་བརྒྱབ་མ་ཐག་ཁོ་ཚོས་ང་ཉེན་རྟོག་རླངས་འཁོར་ཞིག་གི་ནང་དུ་བཞག་ནས་ཁྲིད་འགྲོ་སོང་།

ཁོ་ཚོས་ང་རྒྱལ་ཡོངས་བདེ་སྲུང་འཕྲུལ་ལས་གཙུག་ལག་སློབ་ཆེན་ (国防科技大学)གྱི་རྒན་ཡོལ་ལས་ཤག་ཅིག་གི་ནང་དུ་བཞག་སོང་། དེ་ནི་ཀཱ་ཧྥོ་ས་གནས་ཀྱི་སྒྲེ་ཡཱ་ལམ་རྟགས་ཨང་ ༧༣༢ (开福区德雅路732号)རེད་འདུག ངས་དེ་ངའི་ཉེས་དོན་ཡིག་ཆ་ལས་མཐོང་བ་ལས་གཞན་ཁོ་ཚོས་ང་ས་ཆ་གང་ཞིག་ལ་ཁྲིད་བཞིན་པ་དང་། ས་ཆ་དེ་གང་ཞིག་ཡིན་སོགས་ཤེས་ཀྱི་མེད། ངས་ས་དེ་ཅེན་ཞཱ་ནང་ཞིག་ཡིན་པ་ཙམ་ལས་ས་ཚིགས་ཏག་ཏག་གང་ཞིག་ཡིན་པ་ཤེས་ཐུབ་མ་སོང་།

རླངས་འཁོར་ནང་ནས་ཉེན་རྟོག་པ་མིང་ལ་ལེ་ཧྥང་(李峰)ཟེར་བ་ཞིག་འདུག རྗེས་སུ་ངས་ཤེས་རྟོགས་བྱུང་བ་ལྟར་ན་ཁོ་ཧོ་ནཱན་སྤྱི་དམངས་བདེ་དོན་ཚན་ཁག་ནས་རེད་འདུག ཁོས་ང་ལ་ད་ལྟ་གོ་སྐབས་གཅིག་རང་ཡོད་པ་རེད། ཁོའི་རེ་བར་གོ་སྐབས་དེ་དམ་འཛིན་བྱས་ཏེ་ཁོ་ཚོ་དང་མཉམ་དུ་ཁྲིམས་དོན་ཞིབ་དཔྱོད་ལ་ངོས་ལེན་ཡག་པོ་བྱེད་དགོས་ཚུལ་བརྗོད་བྱུང་། ཁོས་ང་ལ་གལ་ཏེ་དེ་ལྟར་ཡག་པོ་བྱས་པ་ཡིན་ན་ཁོས་གོང་རིམ་མགོ་ཁྲིད་ཚོར་དེ་ལྟར་ཞུས་ནས་ང་ལ་གུ་ཡངས་ཡོད་ཚུལ་བརྗོད་སོང་། ངའི་བསམ་པར་ངས་ག་རེ་བྱས་པ་དེ་བདེན་པ་ཡིན། ང་ལ་སྦས་སྐུང་བྱེད་རྒྱུ་གང་ཡང་མེད་ལ། བྱེད་དགོས་དོན་ཡང་མི་འདུག་བསམ་སྟེ། ངས་ཁོ་ལ་ང་རང་གི་ཁ་པར་གྱི་གསང་གྲངས་བཤད་པ་ཡིན། ཁོས་དེ་མ་ཐག་ངའི་སྐད་འཕྲིན་སྒོ་ཕྱེས་ཏེ་འཕྲིན་ཡིག་ཚང་མ་བཀླགས་སོང་། ངས་དེ་ལྟར་བྱས་པར་ཁོ་ཧ་ཅང་དགའ་བོ་དང་། ང་ལ་གློ་ཐག་ཉེ་བོ་བྱེད་བཞིན་འདུག

ཁྲིམས་རྩོད་པ། དེ་ནས།

ཞའེ་ཡཱང་། ཁོ་ཚོས་ང་ཁྲིད་ནས་ཅེན་ཞཱ་ས་ཆའི་བཀག་ཉར་ཁང་དུ་བསླེབས་དུས་ནི་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༧ པའི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་རེད། ངའི་གཡས་གཡོན་དུ་ཉེན་རྟོག་པ་གཉིས་ཀྱིས་ངའི་དཔུང་པ་རེ་རེར་འཇུས་ཏེ་མར་གནན་ཏེ་མགྲོན་ཁང་དེའི་ཟུར་སྒོ་བརྒྱུད་ནས་ནང་དུ་ཁྲིད་སོང་། ཁང་པ་དེ་ནི་གཉིས་ཐོག་ཏུ་འདུག་ཅིང་། ནང་དུ་ཉལ་ཁྲི་ཆུང་ཆུང་ཞིག་དང་མདུན་ཅོག་གཉིས་རྐུབ་སྟེགས་གཉིས་བཅས་འདུག རྗེས་སུ་ངས་ཤེས་རྟོགས་བྱུང་བར་ཁང་མིག་ཨང་ ༢༠༧ པ་དང་ཁང་པའི་ཟུར་གྱི་གཡོན་ཕྱོགས་ཀྱི་སྒང་དུ་བརྙན་མིག་ཅིག་བཙུགས་འདུག

ཁྲིམས་རྩོད་པ། ཁང་པ་དེའི་ནང་དུ་བསླེབས་རྗེས་ག་རེ་བྱས་སོང་།

ཞའེ་ཡཱང་། ཁོས་ཚོས་ང་ནང་དུ་ཁྲིད་རྗེས་རྐུབ་སྟེགས་ཤིག་གི་སྟེང་སྡོད་དུ་བཅུག་སོང་། མི་གསུམ་གྱིས་ང་སྲུང་ནས་འདུག་མོད། ཁོ་ཚོ་ཚང་མ་ཉེན་རྟོག་པ་རེད་མི་འདུག རྗེས་སུ་ཤེས་གསལ་ལྟར་ན། ཁོ་ཚོ་ནི་སྤྱིར་བཏང་གི་མི་རེད་འདུག

བཅར་འདྲི་འདི་སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༡ པོའི་ཚེས་ ༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤:༥༤:༤༥ སྟེང་ལ་མཇུག་བསྡུས་པ་ཡིན།

 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མུ་འགོད།

སངས་རྒྱས་དཀོན་མཆོག་གིས་དབྱིན་ཡིག་ལས་བོད་སྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “རྒྱ་ནག་གི་ཁྲིམས་རྩོད་པ་ཞའེ་ཡཱང་ལ་བཙོན་ཁང་ནས་བཅར་འདྲི་བྱས། (༡)

  1. རྒྱ་ནག་ནང་དུའང་དཔའ་མཛངས་སྙིང་སྟོབས་ལྡན་པ་འདི་འདྲ་ཡོད་པར་རྗེས་སུ་ཡིད་རང་ཞུ། རྒྱ་ནག་འཛམ་གླིང་ཐོག་གི་མི་འབོར་མང་ཤོས་ཤིག་ཡིན་སྟབས། རྒྱ་མི་རིགས་ཚོས་ཀྱང་སོ་སོའི་མི་མང་གི་ཁེ་ཕན་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཐོག་འདི་ལྟར་འཐབ་རྩོད་བྱེད་ཐུབ་ན་རྒྱ་ནག་དམར་ཤོག་གཞུང་མགོ་གཏིང་སློག་པའི་ཡུན་རིང་མི་འགོར་བ་རེད།