རྒྱ་ནག་གི་ཕྱུག་བདག་ཅིག་བོར་སྟངས་ཡ་མཚན།

རྒྱ་ནག་གི་ཨ་སྒོར་ཐེར་འབུམ་གྱི་བདག་པོ་ཞིག་ཧོང་ཀོང་ནས་བོར་རླག་ཏུ་སོང་བའི་རྗེས་སུ་ཁོའི་ནང་མི་དང་ཁོ་རང་གི་བཟོ་གྲྭས་གནས་ཚུལ་སྔ་ཕྱི་མི་མཐུན་པ་བསྒྲགས་ཏེ་ཧོང་ཀོང་མི་མང་རྣམས་མགོ་འཐོམ་དུ་བཅུག་ཡོད་པ་རེད།

དེ་རིང་ཨ་རིའི་ནེའུ་ཡོག་གི་མཱིན་ཇིན་(Mingjing News)གསར་ཤོག་ཐོག་གནས་ཚུལ་འཁོད་ཡོད་པ་ལྟར་ན། ཟླ་སྔོན་མའི་ཚེས་ ༢༧ ཉིན་གྱི་དགོང་མོར། རྒྱ་གཞུང་གི་ཉེན་རྟོགས་པ་སྐོར་ཞིག་གིས་མིང་མ་ངེས་པའི་རྒྱ་མི་ཨ་སྒོར་ཐེར་འབུམ་གྱི་བདག་པོ་ཞིག་ཧོང་ཀོང་ནས་འཛིན་བཟུང་བྱས་ཏེ་རྒྱ་ནག་སྐམ་ས་ཆེན་པོར་ཁྲིད་ཡོད་འདུག

ཉིན་རྗེས་མར་ཚོང་དཔོན་དེའི་ནང་མི་ཚོས་ཧོང་ཀོང་ཉེན་རྟོགས་པར། ཚོང་དཔོན་དེ་གང་དུ་ཡོད་མེད་ཞིབ་འཇུག་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་པ་དང་། ཧོང་ཀོང་ཉེན་རྟོག་པས་ཞིབ་འཇུག་བྱས་པ་བརྒྱུད་དེ་ཚོང་དཔོན་དེ་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་པའི་ཉིན་དེ་རང་ལ་རྒྱ་ནག་ཏུ་ཁྲིད་ཚར་བ་ཤེས་རྟོགས་བྱུང་ཚུལ་བརྗོད་ཡོད་འདུག

འོན་ཀྱང་ཕྱི་ཚེས་ ༢༩ ཉིན། ཚོང་བདག་དེའི་ནང་མི་ཚོས་སླར་ཡང་ཧོང་ཀོང་ཉེན་རྟོག་པར། གནད་དོན་དེར་ཞིབ་འཇུག་བྱེད་མི་དགོས་ཚུལ་དང་། ཁོང་ཚོས་ཚོང་བདག་ཁོ་ལ་འབྲེལ་བ་བྱེད་ཐུབ་སྟེ་ད་ལྟ་ཁོ་རང་བདེ་ཐང་ཡིན་ཚུལ་བརྗོད་འདུག

གཟའ་ཟླ་བའི་ཉིན་ཧོང་ཀོང་གི་མི་མང་རྣམས་ཡ་མཚན་སྐྱེ་དགོས་པ་ཞིག་བྱུང་བ་ནི། གར་སོང་ཆ་མེད་དུ་གྱུར་བའི་ཚོང་བདག་དེ་སུ་རེད། ཁོའི་ནག་ཉེས་ཅི་ཞིག་རེད། ད་ལྟ་ཁོ་ག་པར་ཡོད་པ་རེད་ཟེར་བ་འདི་དག་རེད།

ཨ་རིའི་(Bowen Press)ཞེས་པའི་གསར་ཤོག་ཐོག བོར་རླག་ཏུ་སོང་བའི་ཚོང་བདག་དེའི་མིང་ལ་(Xiao Jianhua)ཟེར་བ་དང་། ད་ལྟ་རང་ལོ་ ༤༠ ནང་ཡིན་པ། ཁོས་དེ་སྔོན་སྙན་གྲགས་ལྡན་པའི་པེ་ཅིན་གཙུག་ལག་སློབ་ཆེན་(Peking University)གྱི་སློབ་མའི་མགོ་ཁྲིད་བྱས་མྱོང་བ་དང་། ཁོ་ལ་ཨ་སྒོར་ཐེར་འབུམ་ ༦ ཙམ་ཡོད་པའི་རྒྱ་ནག་གི་ཕྱུག་བདག་ཆེ་ཤོས་གྲས་ཡིན་པ་འདི་དག་འཐོན་ཡོད།

ཚོང་བདག་དེའི་བཟོ་གྲྭས་གསལ་བསྒྲགས་ཤིག་སྤེལ་བ་དེས་མི་རྣམས་ཡ་མཚན་དུ་བཅུག དེ་ནི་ཚོང་བདག་གིས་སྐད་འཕྲིན་(Wechat)བརྒྱུད་དེ་འཕྲིན་ཐུང་ཞིག་བསྐུར་ཡོད་པའི་ནང་། “ང་(Xiao)ཡིན་པ་དང་། ད་ལྟ་ཕྱི་རྒྱལ་དུ་སྨན་བཅོས་བྱེད་སྡོད་ཡོད་” ཅེས་པ་ཞིག་ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་དུ་སྤེལ་ཡོད།

ཁ་སང་ཚོང་བདག་དེའི་བཟོ་གྲྭས་སླར་ཡང་གསལ་བསྒྲགས་ཤིག་སྤེལ་བ་དེས། ཧོང་ཀོང་ཉེན་རྟོག་ཁང་གི་ཞིབ་འཇུག་གྲུབ་དོན་དང་རྦད་དེ་ལོག་ཁ་ཞིག་ཆགས་ཏེ་མི་རྣམས་སྔར་ལས་ཧང་སང་དུ་བཅུག་ཡོད། དེ་ནི་ཚོང་བདག་ཁོའི་བཟོ་གྲྭའི་གསལ་བསྒྲགས་ནང་། སྐུ་ཞབས་Xiao ནི་རྒྱལ་ཞེན་དང་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཞེས་བཀོད་ཡོད་འདུག་པ་མ་ཟད། ཁོ་ལྐོག་ཏུ་འཇུ་བཟུང་གིས་བཙན་ཁྲིད་བྱས་མེད་པ་མ་ཟད། ཁོ་ནི་རྒྱ་ནག་ཏུ་སྐྱེས་ཤིང་ཧོང་ཀོང་དུ་གཏན་འཇགས་སྡོད་མཁན་ཞིག་ཡིན་པ་དང་། ཁོ་ལ་ཁེ་ན་ཌ་རྒྱལ་ཁབ་ཀྱི་མི་སེར་ལག་འཁྱེར་ཡང་ཡོད། ཁོའི་སྨན་བཅོས་གང་མགྱོགས་ལེགས་འགྲུབ་བྱུང་རྗེས། གསར་འགྱུར་བརྒྱུད་ལམ་དུ་སྐད་ཆ་བཤད་ངེས་ཡིན་ཚུལ་སོགས་བཀོད་ཡོད་འདུག

ཡ་མཚན་པ་ཞིག་ལ། ཁོས་སྐད་འཕྲིན་བརྒྱུད་དེ་སྤེལ་ཟེར་བའི་གསལ་བསྒྲགས་དེ་དག་ཉིན་རྗེས་མར་ཁོའི་བཟོ་གྲྭའི་དྲ་རྒྱ་ལས་མེད་པ་ཆགས་ཡོད་པ་མ་ཟད། ཁོའི་བཟོ་གྲྭའི་སྐད་འཕྲིན་གྱི་ཁ་བྱང་དང་བཟོ་གྲྭའི་དྲ་རྒྱ་སོགས་ཀྱང་ད་ལྟ་བེད་མེད་ཆགས་ཡོད་འདུག

ཁེ་ན་ཌའི་གཞུང་ངོས་ནས་བྷི་བྷི་སི་གསར་ཁང་ལ། ཁོང་ཚོས་གནད་དོན་དེའི་སྐོར་ཤེས་རྟོགས་བྱུང་ཡོད་ཚུལ་དང་། དེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་བསྡུ་གསོག་གིས་ཞིབ་འཇུག་བྱེད་བཞིན་ཡོད་ཚུལ་བརྗོད་འདུག

_93900443_img_3245

༢༠༡༤ ལོར་ཁོ་ཧོང་ཀོང་དུ་ཕྱིན་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གི་ལྐོག་ཟ་རུལ་སུངས་ཞིབ་བཤེར་ལ་གཡོལ་ཐབས་བྱས་ཚུལ་སྐབས་དེར་ཤོད་མཁན་བྱུང་ཡོད་ཀྱང་ཁོ་རང་གིས་གནས་ཚུལ་དེ་ངོས་ལེན་བྱས་མེད།

ཁོ་ཟླ་སྔོན་མའི་གཟའ་པ་སངས་ཉིན་ཧོང་ཀོང་དུས་བཞིའི་མགྲོན་ཁང་(Four seasons Hotel)ཞེས་པར་ཆེས་མཐའ་མར་མཐོང་ཡོད་ཅིང་། དེའི་རྗེས་ནས་སུས་ཀྱང་མཐོང་མི་འདུག

མི་མང་པོ་ཞིག་གིས་ xiao གར་སོང་ཆ་མེད་ཆགས་པའི་གནད་དོན་དེ། ད་ལྟ་རྒྱ་ནག་ཏུ་ལྐོག་ཟ་རུལ་སུངས་གཙང་བཟོའི་ལས་འགུལ་འགྲོ་བཞིན་ཡོད་པ་དེ་དང་འབྲེལ་བ་ཡོད་སྲིད་པ་དང་། ཡང་མིན་ན། ཁོ་རྒྱ་ནག་གཞུང་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་ཤོག་ཁག་ལ་འབྲེལ་བ་ཡོད་སྲིད་སྐོར་སོགས་ཚོད་དཔག་སྣ་ཚོགས་བྱེད་བཞིན་ཡོད་འདུག

ད་ལྟ་ཧོང་ཀོང་གི་ཉེན་རྟོག་པས། ཁོའི་ནང་མི་ཚོས་ཞིབ་འཇུག་བྱེད་དགོས་པའི་རེ་སྐུལ་ཡང་བསྐྱར་མ་ཞུས་ཀྱང་། ཁོང་ཚོའི་ངོས་ནས་དེའི་ཐད་ཞིབ་འཇུག་མུ་མཐུད་བྱེད་བཞིན་ཡོད་ཟེར།

བསྐྱར་བཅོས།: ༢༠༡༧/༠༢/༠༢

Leave a Reply