རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ལ་རྒྱ་གར་གྱིས་ངོས་ལེན་མ་བྱས།

རྒྱ་གར་གཙོས་པའི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་གིས་ཐེངས་འདིའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ལས་གཞི་དེ་རྒྱལ་ཁབ་ཁག་ནང་སྐྱེད་ཀ་མཐོ་བའི་བུ་ལོན་གཏོང་ཐབས་དང་སྐམ་མཚོ་གཉིས་ནས་རྒྱ་ནག་གི་མངའ་ཁོངས་དང་རང་བྱུང་ཐོན་ཁུངས་རྒྱ་སྐྱེད་ཐབས་ཡིན་པའི་སྐྱོན་བརྗོད་བྱས།

ཁ་སང་ཕྱི་ཚེས་ ༡༤ ནས་དེ་རིང་ཚེས་ ༡༥ ཉིན་བར་རྒྱ་ནག་གི་རྒྱལ་པེ་ཅིན་དུ་འཚོགས་བཞིན་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་ཚོང་འབྲེལ་ཚོགས་འདུའི་སྟེང་རྒྱ་གར་མཉམ་ཞུགས་བྱས་མེད་པ་མ་ཟད། རྒྱ་ནག་གིས་སྣེ་ཁྲིད་པའི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ལས་གཞི་དེ་ལ་བརྟེན་ཏེ། རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་དུས་ཡུན་རིང་བོར་ལྷུང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད།

ཚོགས་འདུ་དེའི་ཐོག་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་ཨ་རིའི་སྐུ་ཚབ་ཕོ་ཊེན་གྷིར་ (Matt Pottinger)། ཁམ་བྷོ་ཌེ་ཡའི་སྲིད་བློན་ཧུན་སིན་ (Hun Sen) སོགས་རྒྱལ་ཁབ་ ༢༩ ཡི་དབུ་ཁྲིད་དང་ཕྱི་འབྲེལ་དཔོན་རིགས་མཉམ་ཞུགས་བྱས་ཡོད་པ་མ་ཟད། བྱང་ཀོ་རི་ཡའི་སྐུ་ཚབ་ཀྱང་མཉམ་ཞུགས་བྱས་ཡོད་མོད་དེས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་ཤུགས་རྐྱེན་ཐེབས་མིན་གསལ་ཁ་མི་འདུག

རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་ཅེས་པ་དེ་ནི་གོ་ལའི་ཤར་ནུབ་གྱི་རྒྱལ་ཁབ་ཕན་ཚུན་བར་ལྕགས་ལམ་དང་གཞུང་ལམ། མཁའ་ལམ་དང་མཚོ་ལམ་སོགས་གསར་འཛུགས་བྱས་ཏེ། རྒྱལ་སྤྱི་རང་བཞིན་གྱི་ཚོང་ལམ་ཞིག་ཡིན་ལུགས་བཤད་ཡོད་ཀྱང་། རྒྱ་གར་གཙོས་པའི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་གིས་ལས་གཞི་དེ་ནི་རྒྱལ་ཁབ་ཁག་ལ་སྐྱེད་ཀ་མཐོན་བའི་དངུལ་བུན་འབོར་ཆེན་གཏོང་ཐབས་དང་། སྐམ་མཚོ་གཉིས་ནས་རྒྱ་ནག་གི་མངའ་ཁོངས་དང་རང་བྱུང་ཐོན་ཁུངས་རྒྱ་སྐྱེད་ཐབས་ལ་དམིགས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད།

ཐེངས་འདིའི་ཚོགས་འདུ་དབུ་འཛུགས་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། རྒྱ་ནག་གི་དར་གོས་ཚོང་ལམ་ལས་གཞིའི་ཐོག རྒྱ་ནག་གི་དཔལ་འབྱོར་ཐེབས་རྩ་ནས་རྒྱ་སྒོར་ཐེར་འབུམ་ ༡༠༠ དང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་ནས་རྒྱ་སྒོར་ཐེར་འབུམ་ ༣༨༠ གཏོང་རྒྱུ་ཡིན་པ་དང་། འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཚོང་ལས་སྒྲིག་འཛུགས་ཁག་ནས་རྒྱ་སྒོར་ཐེར་འབུམ་ ༦༠ བཅས་གཏོང་དགོས་ལུགས་བཤད་འདུག

རྒྱ་ནག་གིས་སྣེ་ཁྲིད་པའི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་འཛུགས་སྐྲུན་ལས་གཞི་འདིར་རྒྱ་གར་གཞུང་གིས་སྐྱོན་བརྗོད་བྱེད་ཀྱིན་ཡོད། རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་བྷག་ལའེ་ (Gopal Baglay) ཡིས་ “ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མངའ་ཁོངས་བདག་དབང་ཐད་ཀྱི་སེམས་ཁྲལ་དང་དངངས་འཚུབ་སྣང་མེད་བཏང་སྟེ་ཚོང་ལམ་འཛུགས་སྐྲུན་གྱི་ལས་གཞི་དེ་ལ་ངོས་ལེན་བྱེད་ཐབས་མི་འདུག” ཅེས་དང་། “རྒྱ་ནག་གི་ཚོང་ལམ་འཛུགས་སྐྲུན་དེ་ངེས་པར་དུ་རྒྱལ་སྤྱིས་ངོས་འཛིན་ཐོབ་པའི་དཔལ་འབྱོར་འཛུགས་སྐྲུན་གྱི་ཚད་གཞི་དང་འཛིན་སྐྱོང་། ཁྲིམས་ཀྱི་དབང་བསྒྱུར། མངོན་ལྐོག་མེད་པ། ཕྱི་གསལ་ནང་གསལ་དང་འདྲ་མཉམ་བཅས་ཀྱི་ཐོག་ནས་འགྲོ་དགོས”ཞེས་ཟེར།

ཕོ་བྲང་དཀར་པོའི་སྐུ་ཚབ་ཕོ་ཊེན་གྷིར་ (Matt Pottinger)གྱིས་ “གོ་ལའི་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཨ་རིའི་ཚོང་གཉེར་ཁང་ཁག་གིས་དུས་ཡུན་རིང་བོར་ལམ་ལྷོངས་ཆེ་བའི་ཁེ་ལས་ཀྱི་ཁ་ཕྱོགས་ཟིན་ཡོད་པ་དང་། ད་ལན་ཨ་རིའི་ཚོང་གཉེར་ཁང་ཁག་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་ཞུགས་རྒྱུའི་གྲ་སྒྲིག་ཡོད”ཅེས་དང་། “ཨ་རིའི་ཚོང་གཉེར་ཁང་ཁག་ནས་རྒྱལ་སྤྱིའི་ཚོང་ཟོག་ལ་རིན་གོང་ལེགས་པོ་སྤྲད་དེ་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་བརྒྱུད་དེ་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་ཟེར།

ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་དཔལ་འབྱོར་རང་སྲུང་རིང་ལུགས་ནི་གོ་ལའི་དཔལ་འབྱོར་གྱི་འཇིག་ཉེན་ཆེན་པོ་ཞིག་ཡིན་པ་དང་། ནུབ་གླིང་རྒྱལ་ཁབ་ཁག་གིས་ཡུ་ཁུ་རན་གྱི་ཟིང་འཁྲུག་ལ་བརྟེན་ཏེ་མོ་སི་ཁོར་དཔལ་འབྱོར་ཉེས་ཆད་བཅད་པ་དེ་ནི་ཁྲིམས་འགལ་གྱི་དཔལ་འབྱོར་ཉེས་ཆད་ཅིག་ཡིན་སྐོར་སོགས་བཤད་ཡོད་པ་དང་། ཨུ་རུ་སུའི་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཁང་ (CMC) གིས“གཅིག ཨུ་རུ་སུའི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་དམིགས་འབེན་གཙོ་བོ་ཕྱིའི་རྒྱལ་ཁབ་ཁག་གི་མ་དངུལ་འཛུགས་སྐྲུན་ཡིན་སྟབས། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་བརྒྱུད་དེ་ཨུ་རུ་སུར་དཔལ་འབྱོར་ཐེབས་རྩ་ཁག་གི་རོགས་སྐྱོར་འཐོབ་པའི་རེ་བ་ཡོད། གཉིས། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་བརྒྱུད་དེ་ཡུ་རོབ་ཨེ་ཤ་ཡའི་དཔལ་འབྱོར་མཐུན་ཚོགས་ (EEU) ཀྱི་དཔལ་འབྱོར་ཉམས་རྒུད་བསླར་གསོ་གཏོང་རྒྱུ། གསུམ། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་བརྒྱུད་དེ་རྒྱ་ནག་གིས་ཧྲང་ཧེ་མཉམ་ལས་སྒྲིག་འཛུགས་ (SCO) བསྐྱར་གསོ་བྱེད་དགོས། བཞི། རྒྱ་ནག་གིས་ཨུ་རུ་སུ་དང་རྒྱ་ནག་གི་དཔལ་འབྱོར་མཉམ་ལས་དམིགས་འབེན་གཙོ་བོར་བཟུང་སྟེ་ཡུ་རོབ་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་དགོས”ཞེས་སོགས་བརྗོད་འདུག

དབྱིན་ཇིའི་དཔལ་འབྱོར་བློན་ཆེན་ཧམ་མོན་ཌི་ (Philip Hammond)ཡིས། དར་གོས་ཚོང་ལམ་ལས་གཞིའི་ནང་དབྱིན་ཡུལ་ནི་རྒྱ་ནག་གི“རང་བྱུང་ནུས་ཤུགས་ཐོན་སྐྱེད” བྱེད་པའི་ཚོང་འབྲེལ་རྒྱལ་ཁབ་ཅིག་ཆགས་སྐོར་བཤད་པ་དང་། པ་ཀི་སི་ཐན་གྱི་སྲིད་བློན་ཤཱ་རེ་ཧྥི་ (Nawaz Sharif)ཡིས་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་སྟབས་ཤུགས་དང་ཚོང་ལམ་འཛུགས་སྐྲུན་ལས་གཞི་བཅས་ལ་ཆེ་བསྟོད་བྱས་འདུག རྒྱ་ནག་གི་ཚོང་ལས་བློན་ཆེན་ཀྲུང་ཧྲན་ (Zhong Shan) གྱིས་འབྱུང་འགྱུར་ལོ་ངོ་ ༥ ནང་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་ཁག་ནས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢ ལྷག་གི་ཚོང་ཟོག་ནང་འདྲེན་བྱ་འཆར་ཡོད་ལུགས་བཤད་འདུག ཉེ་ལམ་ནས་རྒྱ་ནག་གིས་པ་ཀི་སི་ཐན་དང་ཇ་མུ་ཀ་ཤཱི་མིར་གཉིས་ནང་རྒྱུད་གཅིག་ལམ་གཅིག་ཅེས་པའི་ཚོང་ལམ་འཛུགས་སྐྲུན་ལས་གཞི་མགོ་བཙུགས་པ་དེས་རྒྱ་གར་ལ་དོ་ཕོག་ཆེན་པོ་བཟོས་ཡོད་པ་དང་། རྒྱ་དཀར་ནག་བར་མངའ་ཁོངས་རྩོད་གླེང་དང་རྡུལ་ཕྲན་མཚོན་ཆའི་འགྲན་སློང་གི་དཀའ་རྙོག་སོགས་ཀྱང་འབྱུང་བཞིན་ཡོད།

གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་སྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༥/༡༥

Leave a Reply