རྒྱ་ནག་གིས་དམག་གྲུ་ཆེ་པོ་ཞིག་གསར་བཟོ་སྒོ་འབྱེད་བྱས་འདུག

རྒྱ་ནག་གིས་མཁའ་མཚོ་གཉིས་ཀྱི་དྲག་ཆས་སྐྱེལ་འདྲེན་བྱེད་ཐུབ་པའི་གྲུ་གཟིངས་ཆེན་པོ་ཞིག་གསར་བཟོ་ལེགས་འགྲུབ་བྱུང་སྟེ་སྒོ་འབྱེད་བྱས་ཡོད་ཅིང་། དེ་ནི་རྒྱ་ནག་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་ལ་དམིགས་ཏེ་བཟོས་པ་ཞིག་ཡིན་འདུག

དམག་གྲུ་དེ་རྒྱ་ནག་གི་མཁའ་མཚོ་གཉིས་ཀྱི་དྲག་ཆས་སྐྱེལ་འདྲེན་གྲུ་གཟིངས་ལའོ་ནིན་ (Liaoning) ཞེས་པའི་རྗེས་ཀྱི་གྲུ་གཟིངས་ཆེ་ཤོས་དང་རྒྱ་ནག་རང་གིས་བཟོས་པའི་དམག་གྲུ་ཐོག་མ་དེ་ཆགས་ཡོད་འདུག

རྒྱ་ནག་གཞུང་གིས་དེ་སྔོན་གསར་ལམ་ཁག་ཏུ་ད་སྔ་མིང་བཏགས་མེད་པའི་གྲུ་གཟིངས་དེ་ ༢༠༢༠ ལོའི་བར་བཀོལ་སྤྱོད་བྱ་རྒྱུ་མིན་ལུགས་བཤད་ཡོད་ཀྱང་། ཐེངས་འདིར་གསར་ལམ་ཁག་ཏུ་རྒྱ་ནག་བྱང་ཤར་གྱི་ཌ་ལིན་ (Dalian) གྲུ་ཁ་རུ་དྲག་ཆས་སྐྱེལ་འདྲེན་དུ་བཀོལ་སྤྱོད་བྱ་རྒྱུ་ཡིན་ཚུལ་འཁོད་ཡོད་པ་རེད། རྒྱ་ནག་གཞུང་གིས་ཐེངས་འདིར་དྲག་ཆས་སྐྱེལ་འདྲེན་གྲུ་གཟིངས་སྒོ་འབྱེད་བྱས་པ་དེ་ཨ་རི་དང་བྱང་ཀོ་རི་ཡའི་རྩོད་རྙོག་གི་སྐབས་དང་འཁེལ་ཡོད།

གྲུ་གཟིངས་དེའི་རྒྱུ་ཆ་ཡུ་ཁུ་རན་གྱི་ལག་ནས་ཉོས་ཡོད་འདུག བྷི་སིའི་གསར་འགོད་པ་མག་ཌོ་ནིལ་ (McDonell) གྱིས། རྒྱ་ནག་གིས་གསར་དུ་བཟོས་པའི་གྲུ་གཟིངས་དེས་ད་ལྟ་ཨ་རིའི་མཚོ་དམག་གིས་བཀོལ་བཞིན་པའི་དྲག་ཆས་སྐྱེལ་འདྲེན་གྲུ་གཟིངས་ ༡༠ ཡི་ནུས་དང་ཤུགས་ཚད་ཡོད་སྐོར་བརྗོད་འདུག

བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པར་བརྟེན་ཏེ། ཨ་རིས་བྱང་ཀོ་རི་ཡའི་ཕྱོགས་སུ་དྲག་ཆས་དམག་གྲུ་དང་ཆུ་འཛུལ་དམག་གྲུ་མང་པོ་གྲ་སྒྲིག་བྱས་ཡོད་པ་དང་། རྒྱ་ནག་གིས་ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་གྱི་ཛ་དྲག་རྩོད་རྙོག་ཞི་འགྲིག་ཡོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གི་ལའོ་ནིན་ཞེས་པའི་གྲུ་གཟིངས་དེ་ནི་ལོ་ངོ་ ༢༥ ལྷག་གི་སྔོན་ལ་ཡུ་ཁུ་རན་ནས་ཉོས་ཏེ་ཨུ་རུ་སུའི་དམག་གྲུའི་བཟོ་ལྟར་ཞིག་གསོ་བྱས་པའི་དམག་གྲུ་རྙིང་པ་ཞིག་ཡིན་པ་དང་། རྒྱ་ནག་གིས་དམག་གྲུ་གསར་བ་དེ་ལ་བརྟེན་ཏེ་མཁའ་མཚོ་གཉིས་ནས་དྲག་ཆས་སྦྱོང་བརྡར་བྱེད་པའི་ལྟ་གོན་བྱེད་བཞིན་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གི་གནས་ཚུལ་ལྟར་ན། དྲག་ཆས་སྐྱེལ་འདྲེན་གྲུ་གཟིངས་དེ་ ༢༠༡༣ ལོ་ནས་གསར་དུ་བཟོ་མགོ་བརྩམས་ཏེ་ད་ཆར་ལེགས་འགྲུབ་བྱུང་བ་ཡིན་འདུག གྲུ་གཟིངས་དེ་སྒོ་འབྱེད་མཛད་སྒོའི་སྟེང་རྒྱ་ནག་དམག་ཁུལ་གྱི་དམག་དཔོན་གཞོན་པ་ཧྥན་ཁྲང་ལིང་ (Fan Changlong) མཉམ་ཞུགས་བྱས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས། དམག་གྲུ་གསར་བཟོ་ལེགས་འགྲུབ་བྱུང་བའི་མཛད་སྒོའི་ཐོག་རྒྱ་ནག་གི་དཔོན་རིགས་ཚོས་སྐད་གསེང་མཐོན་པོས་རྒྱལ་གླུ་གཏོང་བ་དང་། དམག་གྲུ་གསར་བའི་དུང་བརྡ་གྲགས་པ་དང་རྒྱལ་ཁའི་ཆང་དམ་མཐོ་རུ་བཏེགས་ཡོད་ཚུལ་སོགས་བརྗོད་འདུག

དེ་སྔོན་རྒྱ་ནག་རྒྱལ་སྲུང་བློན་ཆེན་གྱིས་གསར་དུ་བཟོས་པའི་གྲུ་གཟིངས་དེས་མ་འོངས་པར་མཁའ་དམག་གི་དྲག་ཆས་གནམ་གྲུ་སྐྱེལ་འདྲེན་བྱ་རྒྱུ་མ་གཏོགས་རང་འགུལ་གྱི་ནུས་ཤུགས་ལྡན་པའི་རྡུལ་ཕྲན་མཚོན་ཆའི་རིགས་སྐྱེལ་འདྲེན་བྱ་འཆར་མེད་ལུགས་བརྗོད་ཡོད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༤/༢༧

Leave a Reply

One thought on “རྒྱ་ནག་གིས་དམག་གྲུ་ཆེ་པོ་ཞིག་གསར་བཟོ་སྒོ་འབྱེད་བྱས་འདུག

  1. སྲས་སྐུ་ངོ་།

    གྲུ་གཟིངས་འདི་ལ་མིང་ལའོ་ནིན་ཟེར། ༡༩༨༠ ལོའི་ནང་ཨུ་རུ་སུས་ཡུ་ཁུ་རེན་ནང་གསར་བཟོ་བྱས་པ་དང་ཨུ་རུ་རུ་དམག་ཤོག་ཁ་འཐོར་རྗེས་བེད་མེད་ཆགས། ༢༠༠༡ ལོར་རྒྱ་ནག་བཅིངས་འགྲོལ་དམག་གིས་ནག་གི་ཚོང་བ་ཞིག་བརྒྱུད་ནས་ཡུ་ཁུ་རེན་གྱི་ལག་ནས་ཉོས་པ་རེད།

    དམག་གྲུ་གསར་བ་གང་ཡང་མེད།

    ཁ་གསལ་
    https://sv.wikipedia.org/wiki/Liaoning_(hangarfartyg)