རྒྱ་ནག་གིས་བྱིས་པ་གཉིས་སྐྱེ་མཁན་ཚོར་བྱ་དགའི་དངུལ་སྤྲོད་རྒྱུ་ཡིན་འདུག

རྒྱ་ནག་གཞུང་གིས་བྱིས་པ་གཉིས་སྐྱེ་མཁན་ཚོར་བྱ་དགའི་དངུལ་སྤྲད་དེ་མི་འབོར་རྒྱས་སྐུལ་སློང་བྱེད་ཀྱིན་ཡོད་ཀྱང་། སྲིད་བྱུས་དེས་འདས་པའི་ལོ་ངོ་བཞི་བཅུར་ཉེ་བའི་རང་གི་འཆར་ལྡན་བུ་སྐྱེས་སྲིད་བྱུས་ཀྱི་གྱོང་གུད་ཁ་གསུབ་ཐུབ་མིན་ཚོད་དཔག་བྱེད་དཀའ་བ་ཆགས་ཡོད།

སི་ཨན་ཨན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་འཕྲོད་བསྟེན་དང་ཁྱིམ་ཚང་འཆར་འགོད་ལྷན་ཁང་གི་འགན་འཛིན་གཞོན་པ་བཱ་ཕཱེན་ (Wang Peian)ཡིས། “སྐྱེ་འཕེལ་རམ་འདེགས་བྱ་དགའ” ཞེས་པའི་བྱིས་པ་གཉིས་སྐྱེ་མཁན་ཚོར་བྱ་དགའ་དང་རོགས་དངུལ་སྤྲོད་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག

འདི་ནི་རྒྱ་ནག་གཞུང་གིས་གིས་གཏམ་བརྗོད་གསར་བ་ཞིག་འཁྲབ་མགོ་བརྩམས་པ་ཡིན་ཞིང་། རྒྱ་ནག་གིས་ལོ་ངོ་ ༤༠ ལྷག་རིང་འཆར་ལྡན་བུ་སྐྱེ་སྲིད་ཇུས་འོག་བྱིས་པ་གཅིག་མ་གཏོགས་སྐྱེ་མི་ཆོག་པའི་སྒྲིག་ཁྲིམས་བཟོས་ཏེ། བྱིས་པ་གཉིས་སྐྱེ་མཁན་ཚོར་དངུལ་གྱི་ཉེས་ཆད་བཅད་པ་དང་བཙོན་འཇུག་བྱེད་པ། རྒྱང་འཕུད་གཏོང་བ་སོགས་བྱས་པ་རེད།

ཐེངས་འདིའི་སྲིད་བྱུས་གསར་པ་དེ་ནི། རྒྱ་ནག་འཕྲོད་བསྟེན་དང་ཁྱིམ་ཚང་འཆར་འགོད་ལྷན་ཁང་གིས་ ༢༠༡༥ ལོར་ཞིབ་འཇུག་བྱས་པ་བརྒྱུད་དེ། རྒྱ་ནག་གི་ཁྱིམ་ཚང་བརྒྱ་ཆ་ ༦༠ ལྷག་གིས་དཔལ་འབྱོར་དཀའ་ངལ་འོག་བྱིས་པ་གཉིས་པ་སྐྱེ་འདོད་མེད་པའི་གནས་ཚུལ་གཞི་བཞག་ཐོག གསལ་བསྒྲགས་བྱས་པ་ཞིག་རེད་ཅེས་རྒྱ་ནག་ཉིན་རེ་གསར་ཁང་གིས་བཀོད་འདུག

རྒྱ་ནག་གཞུང་གིས་ ༢༠༡༥ ལོའི་ཟླ་ ༡༠ པའི་ནང་བྱིས་པ་གཅིག་གི་སྲིད་ཇུས་མཇུག་བསྒྲིལ་སྟེ། བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་བྱུས་གཏན་འབེབས་བྱས་ཡོད་སྟབས། དུས་དེ་ནས་བཟུང་བྱིས་པའི་སྐྱེ་ཚད་ཕྲན་བུ་ཡར་འཕར་ཡོད་པ་རེད། རྒྱ་ནག་གཞུང་གིས་བྱིས་པའི་སྐྱེ་ཚད་དེ་རྒན་འཁོགས་ཆགས་བཞིན་པའི་མི་འབོར་ལས་ལྷག་གི་ཚད་གཞིར་བསླེབ་ཐུབ་པར་རེ་བ་རྒྱག་གི་ཡོད།

རྒྱ་ནག་པཱེ་ཅིན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ལཱོ་ཅཱས་ཧྥོས་(Lu Jiehua)ལགས་ཀྱིས། སྲིད་གཞུང་གིས་མི་མང་ལ་དཔལ་འབྱོར་ཁེ་ཕན་སྤྲོད་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་ཡང་། རྒྱ་ནག་ནང་གི་འཚོ་བའི་འགྲོ་གྲོན་དང་སློབ་གསོའི་འགྲོ་གྲོན་བར་གནམ་ས་ལྟ་བུའི་ཁྱད་པར་ཤོར་ཡོད་སྟབས། རྒྱ་ནག་གཞུང་གིས་དུས་ཡུན་ཅི་ཙམ་བར་དཔལ་འབྱོར་རོགས་རམ་བྱ་ཐུབ་བམ། ང་ཚོས་དཔལ་འབྱོར་ཡོང་འབབ་ཇེ་བཟང་དུ་གཏོང་བའི་ལམ་ཁ་བཟོ་ཐུབ་མིན་ལ་ལྟ་དགོས། ངས་བསམ་ན་ “བྱིས་པ་གཉིས་སྐྱེ་བ་ལས་རྒྱལ་ཁབ་གཞན་གྱི་རོགས་སྐྱོར་འོག་བྱིས་པ་གཅིག་སྐྱེད་སྲིང་ཡག་པོ་ཞིག་བྱེད་ཐུབ་པའི་དཔལ་འབྱོར་གྱི་མཐུན་རྐྱེན་སྤྲོད་ཐུབ་ན་དེ་བཟང་གི་རེད་སྙམ།”ཞེས་བརྗོད་འདུག

ཕྱི་ལོ་ ༡༩༥༠ ནས་ ༡༩༦༠ ལོའི་བར་གློ་བུར་དུ་རྒྱ་ནག་ནང་བྱིས་པ་ཧ་ཅང་མང་པོ་སྐྱེས་འཕེལ་བྱུང་ཡོད་སྟབས། མི་འབོར་མང་དྲགས་པའི་འཇུགས་སྣང་འོག རྒྱ་ནག་གཞུང་གིས་ ༡༩༧༩ ལོར་བྱིས་པ་གཅིག་མ་གཏོགས་སྐྱེ་མི་ཆོག་པའི་སྲིད་ཇུས་དམ་པོ་ཞིག་གཏན་འབེབས་བྱས་པ་རེད། དུས་དེ་ནས་བཟུང་རྒྱ་ནག་གི་བྱིས་པའི་སྐྱེ་ཚད་རྦད་དེ་མར་ཆགས་པ་དང་། བརྒྱ་ཆ་ལྟར་ན། ཕྱི་ལོ་ ༡༩༦༠ ནས་ ༡༩༦༥ ལོའི་བར་རྒྱ་ནག་གི་བུད་མེད་གཅིག་ལ་ཕྲུ་གུ་དྲུག་འཐོབ་ཀྱང་། ཕྱི་ལོ་ ༡༩༩༥ ནས་ ༢༠༡༤ ལོའི་བུད་མེད་གཅིག་ལ་ཕྲུ་གུ་ ༡།༥ མ་གཏོགས་ཐོབ་ཀྱི་མེད་པའི་གནས་སྟངས་ཆགས་ཡོད།

ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཤིག་གཏན་འབེབས་བྱས་པ་རེད། དེ་ནི་རྒྱ་ནག་གི་སྐྱེ་འཕེལ་ཉུང་དྲགས་པ་དང་། ལྷག་པར་དུ་རྒྱ་ནག་ནང་རྒན་འཁོགས་ཆགས་བཞིན་པའི་མི་འབོར་ཉིན་རེ་བཞིན་འཕེལ་བ་དང་། ལས་ཀ་བྱེད་མཁན་གྱི་དར་མའི་མི་འབོར་ཉིན་རེ་བཞིན་ཇེ་ཉུང་དུ་སོང་བ་སོགས་ལ་བརྟེན་ཏེ། ན་ནིང་ལོར་ “བཟའ་ཟླ་གཉིས་ལ་ཕྲུ་གུ” ཅེས་པའི་སྲིད་བྱུས་གཏན་འབེབས་དང་། ད་ལོ་ཕྲུ་གུ་གཉིས་སྐྱེས་མཁན་ལ་བྱ་དགའ་སྤྲོད་པའི་སྲིད་བྱུས་གཏན་འབེབས་བྱས་ཏེ། རྒྱལ་ཁབ་ཀྱི་མི་འབོར་རྒན་གཞོན་དོ་མཉམ་ཡོང་གི་མེད་པའི་དཀའ་ངལ་སེར་ཐུབ་ལ་ཐབས་བརྒྱ་ཇུས་སྟོང་འཐེན་གྱི་ཡོད་པ་རེད།

ད་ལྟ་རྒྱ་ནག་ནང་ལོ་ན་ ༦༥ ལས་བརྒལ་བའི་མི་འབོར་ས་ཡ་ ༡༡༤ ཡོད་པ་དང་། གཞན་མི་གྲངས་ས་ཡ་ ༩༠ འབྱུང་འགྱུར་ལོ་ངོ་སུམ་ཅུའི་ནང་ཚུད་དུ་རྒན་ཡོལ་ཞུས་ཏེ། རྒྱ་ནག་གི་འཛུགས་སྐྲུན་ལས་དོན་ཡོངས་རྫོགས་མི་ཉུང་ཉུང་ཤིག་གིས་མི་བྱེད་ཐབས་མེད་ཆགས་རྒྱུ་ཡིན་འདུག ༢༠༣༠ ལོར་རྒྱ་ནག་གི་མི་འབོར་ས་ཡ་ ༤༠༠ ལྷག་ལོ་ན་ ༦༠ ལས་བརྒལ་རྒྱུ་ཡིན་པ་དང་། སྐབས་དེར་རྒྱ་ནག་འཛམ་གླིང་ཐོག་མི་འབོར་རྒན་པ་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་རྒྱུ་ཡིན་འདུག

ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་མི་མང་ལ་རོགས་འདེགས་མ་དངུལ་སྤྲད་ཡོད་མེད་ལ་མ་བལྟས་བར། རྒྱ་ནག་གི་བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་འོག་བྱིས་པའི་སྐྱེ་འཕེལ་ཅུང་མང་དུ་འགྲོ་བཞིན་ཡོད་འདུག

རྒྱ་ནག་གཞུང་གི་མི་འབོར་ཞིབ་བཤེར་ལྟར་ན། ༢༠༡༦ ལོར་བྱིས་པ་སྐྱེས་ཚད་ ༢༠༡༥ དང་བསྡུར་ན་བརྒྱ་ཆ་ ༧།༩ ཡིས་འཕར་ཡོད་པ་དང་། ༢༠༡༦ ལོར་རྒྱ་ནག་ནང་ཁྱོན་བྱིས་པ་ས་ཡ་ ༡༧.༨༦ སྐྱེས་ཏེ། ༢༠༡༥ ལོ་དང་བསྡུར་ན་ལས་མི་ས་ཡ་ ༡.༣༡ ཙམ་འཕར་ཡོད་འདུག ཚད་གཞི་འདི་ནི་ ༢༠༠༠ ལོ་ནས་རྩིས་བའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་སྙན་ཐོའི་ནང་གི་ཚད་གཞི་མཐོ་ཤོས་དེ་ཆགས་ཡོད། འོན་ཀྱང་། ད་དུང་རྒྱ་ནག་ནང་ལས་ཀ་བྱེད་མཁན་ཉུང་དྲགས་པའི་དཀའ་ངལ་དེ་རང་འཇགས་ལྷག་བསྡད་ཡོད་འདུག

སྐུ་ཞབས་ལཱོ་ཡིས་བཤད་པ་ལྟར་ན། རྒྱ་ནག་ནང་གི་བུད་མེད་དར་མ་མང་ཆེ་བས་བྱིས་པ་གཅིག་གི་སྲིད་ཇུས་འོག་བྱིས་པ་སྐྱེས་ཟིན་ཡོད་སྟབས། ད་ལྟ་བྱིས་པ་གཉིས་བ་སྐྱེ་འདོད་མེད་པ་མ་ཟད། རང་ཉིད་སྐྱེ་འགོག་སློབ་གསོ་གཞི་རྒྱ་ཆེན་པོ་ཞིག་དང་སྒྲིག་ཁྲིམས་དམ་པོ་ཞིག་གི་འོག་ནས་འཚར་ལོང་བྱུང་ཡོད་སྟབས། ད་ལྟ་བྱིས་པ་གཉིས་པ་སྐྱེ་འདོད་རྩ་བ་ནས་མེད་སྟབས། སྲིད་གཞུང་གིས་ཁོ་ཚོའི་སེམས་ཁམས་བསྒྱུར་རྒྱུ་ཧ་ཅང་ཁག་པོ་རེད། ཅེས་བརྗོད་འདུག

རྒྱ་ནག་གི་བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཀྱི་ཤུགས་རྐྱེན་དེ། ད་ལྟ་གསར་དུ་སྐྱེས་པའི་བྱིས་པ་ཚོ་ཆེན་པོ་ཆགས་ཏེ། ལས་ཀ་བྱེད་རགས་བར་ཚོར་ཐུབ་མེད་པ་དང་། རྒྱ་ནག་གཞུང་གིས་བུད་མེད་ཚོའི་སྐྱེ་སྒོ་བཀག་པ་དེས་ཁྱིམ་ཚང་སོ་སོ་དང་རྒྱ་ནག་མི་མང་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་ཞིག་བཟོས་པ་མ་ཟད། རྒྱ་ནག་གཞུང་དང་རྒྱལ་ཁབ་ཀྱི་ཇུས་ཆེན་ཐོག་ལའང་གྱོང་གུད་ཆེན་པོ་ཞིག་སྤྲད་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply