རྒྱ་ནག་གིས་འཛམ་གླིང་ཟ་སྟངས།

ཟླ་འདིའི་ཚེས་ ༡༢ ཉིན་སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་རྒྱ་ནག་རྒྱལ་ས་པེ་ཅིན་དུ་རྒྱལ་ཁབ་ ༣༠ ཙམ་མགོ་ཁྲིད་དང་རྒྱ་ནག་གི་མངའ་སྡེ་ ༢༨ ཡི་མགོ་ཁྲིད་ཁག་བཅས་ཀྱི་རྒྱལ་སྤྱིའི་ཚོང་འབྲེལ་ཚོགས་འདུ་ཞིག་ཚོགས་པའི་སྟེང་། ཞི་ཅིན་ཕིན་གྱིས་རྒྱུད་གཅིག་ལམ་གཅིག་ཅེས་བའི་འཆར་གཞི་གཙོ་བོ་ཁག་ངོ་སྤྲོད་བྱས་ཡོད།

དེ་སྔ་རྒྱ་ནག་ནི་ཨེ་ཤ་ཡའི་རྒྱལ་ཁབ་སྐྱོ་བོའི་གྲས་ཡིན་ཡང་། ད་ལྟ་རྒྱལ་སྤྱིའི་སྟེང་ཨ་རིའི་དོ་ཟླར་སླེབས་པའི་རྒྱལ་ཁབ་གཅིག་པུ་དེ་ཆགས་ཡོད་སྟབས། ང་ཚོས་རྒྱ་ནག་གི་སྲིད་འབྱོར་རིག་གསུམ་གྱིས་རྒྱ་ནག་འགྱུར་བ་ཇི་ལྟར་འགྲོ་བཞིན་ཡོད་པ་དང་། དེའི་ཤུགས་རྐྱེན་གྱིས་འཛམ་གླིང་ལ་བག་ཆགས་ག་འདྲ་འཇོག་གི་ཡོད་མེད་དོན་ཚན་ལྔའི་ཐོག་ནས་འཚོལ་ཆོག

དང་པོ། དཔལ་འབྱོར་མ་འཛུགས།
པཱ་ཀི་སི་ཐན་གྱི་རྒྱལ་སའི་རྒྱ་གྲོང་(China Town)།

༢༠༡༥ ལོར་རྒྱ་ནག་དང་པཱ་ཀི་སི་ཐན་བར་ཚོང་འབྲེལ་གྲོས་ཆོད་(CPEC)ཞེས་པ་བཞག་སྟེ། རྒྱ་ནག་གིས་པཱ་ཀི་སི་ཐན་ནང་ཨ་སྒོར་དུང་ཕྱུར་ ༤༦ ཡི་མ་དངུལ་བཏང་སྟེ། པཱ་ཀི་སི་ཐན་དེང་རབས་ཅན་དུ་བསྒྱུར་མགོ་བརྩམས་ཡོད། རྒྱ་ནག་གིས་པཱ་ཀི་སི་ཐན་ནང་གཞུང་ལམ་དང་མེ་འཁོར་ལྕགས་ལམ། མཚོ་གྲུ་འབབ་ཚིགས། རྡོ་སོལ་གཏེར་ཁ། ཉི་གློག་ས་ཚིགས་སོགས་ཀྱི་འཆར་གཞི་བཟོས་ཡོད་སྟབས། པཱ་ཀི་སི་ཐན་གཞུང་དང་མི་མང་གིས་དེ་ནི་སོ་སོའི་དཔལ་འབྱོར་དང་འཚོ་བའི་གནས་བབ་ཡར་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་མཐོང་གི་ཡོད་པ་མ་ཟད། སྤྱི་ཚོགས་བརྒྱུད་ལམ་ཁག་ཏའང་ཁྱིམ་མཚེས་བཟང་པོ་ཞེས་རྒྱ་ནག་ལ་བསྟོད་བསྔགས་བཏང་ཡོད།

འཛུགས་སྐྲུན་ལས་གཞི་དེ་དག་དང་བསྟུན་ཏེ་པཱ་ཀི་སི་ཐན་ནང་རྒྱ་ནག་གི་ཁྲོམ་རྭའི་ཤུགས་རྐྱེན་ཆེ་རུ་ཕྱིན་ཏེ། ད་ལྟ་པཱ་ཀི་སི་ཐན་ནང་རྒྱ་གྲོང་(China Town)ཞེས་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་ཞིག་ཡོད་པ་མ་ཟད། དེར་རྒྱ་ནག་གི་ཅ་ལག་གོང་ཁེ་པོ་དང་། ཟས་རིགས་འདྲ་མིན་བཙོང་རྒྱུ་ཡོད་སྟབས། སྤྱི་ཚོགས་བརྒྱུད་ལམ་ཁག་ནང་རྒྱ་མི་ཚོས་པཱ་ཀི་སི་ཐན་ནང་གཞུང་གིས་བཀག་སྡོམ་བྱས་པའི་ཕག་ཤ་སོགས་ཚོང་གི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱིན་ཡོད།

དཔལ་འབྱོར་དབྱེ་ཞིབ་པ་ཚོས། གལ་སྲིད་པཱ་ཀི་སི་ཐན་གྱི་རྒྱ་ནག་གི་ལས་གཞི་དེ་དག་དངོས་སུ་ལག་བསྟར་བྱས་པ་ཡིན་ན། རྗེས་མ་པཱ་ཀི་སི་ཐན་གཞུང་གིས་རྒྱ་ནག་ལ་ཨ་སྒོར་དུང་ཕྱུར་ ༩༠ ལྷག་གི་བུ་ལོན་སྤྲོད་དགོས་ཆགས་རྒྱུ་ཡིན་ཚུལ་བརྗོད། པཱ་ཀི་སི་ཐན་གྱི་རཱོ་ཊི་མཱེ་ལཱན་ནེམ་སློབ་གྲྭའི་འགན་འཛིན་ལྕམ་སཱ་བྷི་ནཱ་(Sabina Zakir)ལགས་ཀྱིས། པཱ་ཀི་སི་ཐན་དུས་རབས་དང་མཐུན་པར་ཡར་རྒྱས་འགྲོ་དགོས་ཡོད་ཅེས་བརྗོད་ཡོད། པཱ་ཀི་སི་ཐན་ནང་རཱོ་ཊི་མཱེ་ལཱན་ནེམ་སློབ་གྲྭ་གཙོ་བྱས་བའི་སློབ་གྲྭ་ཁག་གི་སློབ་ཚན་ནང་རྒྱ་ཡིག་སློབ་ཁྲིད་བྱེད་ཀྱིན་ཡོད་པ་མ་ཟད། ལྕམ་སཱ་བྷི་ནཱ་ལགས་ཀྱིས་གཉིད་ལ་ཤོར་བའི་གཡུ་འབྲུག་ཅེས་རྒྱ་ནག་ད་ལྟ་གཞི་ནས་གཉིད་ལས་སད་དེ། རང་གི་ཁྱིམ་མཚེས་རྒྱལ་ཁབ་པཱ་ཀི་སི་ཐན་གྱི་མ་འོངས་པ་དང་། མི་རིགས་དེ་ལམ་ཁ་གསར་བ་ཞིག་ཏུ་འཁྲིད་པར་བསླེབས་བྱུང་ཞེས་བརྗོད་ཡོད།

གཉིས་པ། ཤེས་ཡོན།
ཨ་རིའི་སློབ་གསོའི་ཁོར་ཡུག་དང་རྒྱ་ནག་གི་སློབ་ཕྲུག

ཨ་རིའི་ཨིལ་ནོ་སི་གཙུག་ལག་སློབ་ཆེན་(University Of Illinois )གྱི་ལས་བགོས་ཆེད་མཁས་པ་སྐུ་ཞབས་གྷས་གྷོ་རེ་ཌཱ་བིས་(Gregory Davis)ལགས་ཀྱིས་སློབ་གྲྭ་དེར་རྒྱ་ནག་གི་སློབ་ཕྲུག་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་དོན། “ངས་རྒྱ་ནག་གི་སློབ་ཕྲུག་དེ་ཚོའི་མིང་ཇི་ལྟར་ཀློག་དགོས་སམ། སྔོན་ཆད་ངའི་འཛིན་གྲྭའི་ནང་རྒྱའི་སློབ་ཕྲུག་འགའ་རེ་མ་གཏོགས་མེད་ཀྱང་། ད་ལྟ་བརྒྱ་ཆ་ ༨༠ རྒྱ་རིགས་སློབ་མ་ཆགས་ཏེ་ཁོ་ཚོའི་མིང་དང་སྐད་བརྡ་གོ་དཀའ་མོ་འདུག” ཅེས་བརྗོད་ཡོད།

རྒྱ་ནག་གི་མཐོ་རིམ་སློབ་མའི་ཁྲོད་ཨ་རིར་སློབ་སྦྱོང་དུ་འགྲོ་རྒྱུར་འགྲན་རྩོད་ཆེན་པོ་ཡོད་པ་དང་། ཁོ་ཚོ་ཨ་རིའི་མཐོ་སློབ་ཁག་ནས་སློབ་མཐར་ཕྱིན་ཏེ་ཕྱིར་རྒྱ་ནག་ཏུ་ལོག་ན་རང་མགོ་རང་ཐོན་གྱི་ཆེད་ལས་གཉེར་ཐུབ་ཀྱི་ཡོད་པ་མ་ཟད། ཁོ་ཚོས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་ཁ་ཇེ་བརྟན་དུ་འགྲོ་བར་ཡང་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད་འདུག

༢༠༠༨ ལོ་ནས་རྒྱ་ནག་གི་སློབ་ཕྲུག་ཨ་རིར་ཡོང་མཁན་ཇེ་མང་དུ་ཕྱིན་ཡོད་པ་དང་། ཨ་རིའི་སློབ་ཆེན་ཁག་གི་ཁ་ཕྱོགས་ཡང་རྒྱལ་སྤྱིའི་སློབ་ཡོན་མཐོ་ཤོས་སྤྲོད་ཐུབ་མཁན་གྱི་སློབ་ཕྲུག་ཚོར་ཕྱོགས་ཡོད་སྟབས། ད་ལྟ་ཨ་རིའི་ནང་རྒྱ་ནག་གི་སློབ་ཕྲུག་ ༣༢༩༠༠༠ ལྷག་ཡོད་པ་དང་། ཁོ་ཚོའི་ཤུགས་རྐྱེན་གྱིས་ཨ་རིའི་སློབ་ཆེན་ཁག་གི་དགེ་རྒན་དང་སློབ་གྲྭའི་ཁོར་ཡུག་ལ་འགྱུར་བ་ཐེབས་བཞིན་ཡོད་པ་མ་ཟད། ཨ་རིའི་སྤྱི་ཚོགས་ནང་དུའང་ཤུགས་རྐྱེན་ཐེབས་བཞིན་ཡོད་འདུག སྐུ་ཞབས་ཌཱ་བིས་ལགས་ཀྱིས་ཨིལ་ནོ་སི་མངའ་སྡེའི་གྲོང་ཁྱེར་དུ་སྲང་ལམ་རེ་རེར་རྒྱ་ནག་གི་ཟ་ཁང་ལྔ་དྲུག་རེ་མེད་ས་མེད་པ་དང་། རྒྱ་གྲོང་ཞིག་ཡོད་ས་དེར་རྒྱ་ནག་གི་ཟས་རིགས་དང་ཚོང་ཟོག་མ་ཚང་བ་མེད། ང་མཚམས་རེར་གྲོང་ཁྱེར་དེའི་ནང་འགྲོ་སྐབས་རྒྱ་ནག་ལ་སླེབ་པ་ལྟ་བུ་ཚོར་གྱི་འདུག་ཅེས་བརྗོད་ཡོད།

གསུམ་པ། འཛུགས་སྐྲུན་ལས་གཞི།
རྒྱ་ནག་གི་སྒོར་མོ་དང་ཨ་ཧྥི་རི་ཁའི་འགྱུར་ལྡོག

རྒྱ་ནག་གིས་ཁན་ཡ་(Kenya)གཙོ་བྱས་པའི་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ནང་ཚོང་འབྲེལ་ཆེད་མེ་འཁོར་ལྕགས་ལམ་རིང་ཤོས་དེ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ལས་གཞི་དེར་རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་ ༣་༨ བུ་ལོན་བཏང་སྟེ་ ༢༠༡༤ ལོར་ལས་གཞི་དེ་མགོ་འཛུགས་བྱས་ཡོད། འབྱུང་འགྱུར་ཟླ་ ༧ པའི་ནང་ཁན་ཡའི་ཤར་ཕྱོགས་གྲོང་ཁྱེར་(Mombasa)ནས་རྒྱལ་ས་(Nairobi) བར་ལྕགས་ལམ་ལེགས་འགྲུབ་བྱེད་འཆར་ཡོད་སྟབས། ལས་གཞི་དེས་ཨ་ཧྥི་རི་ཁའི་རྒྱལ་ཁབ་མང་པོའི་བར་འབྲེལ་ལམ་མཐུད་ཀྱི་ཡོད་འདུག

རྒྱ་ནག་གི་ལྕགས་ལམ་བཟོ་གྲྭས་ཨ་ཧྥི་རི་ཁའི་མི་སེར་ཚོས་ལས་ཀ་བྱེད་མི་ཤེས་ཚུལ་བརྗོད་དེ་གླ་ཆ་དམའ་བོ་ལས་སྤྲོད་ཀྱི་མེད་པ་དང་། དུས་ཚོད་མང་པོར་ལས་ཀ་བྱས་ཀྱང་གླ་ཆ་ཉུང་བ་མ་ཟད། རྒྱ་ནག་གི་འཛུགས་སྐྲུན་དེ་ཨ་ཧྥི་རི་ཁའི་ནང་གི་ཐོན་ཁུངས་ལ་དམིགས་ཡིན་སྐོར་སོགས་ཀྱི་སྐྱོན་བརྗོད་ཡོང་གི་ཡོད་སྟབས། བཟོ་གྲྭ་དེས་ཁན་ཡའི་མི་སེར་ ༢༥༠༠༠ ལྷག་ལ་ཆེད་ལས་སྤྱོང་བརྡར་སྤྲད་དེ་སྐྱོན་བརྗོད་ལ་གཡོལ་ཐབས་བྱས་ཡོད་ཀྱང་། ལས་ཀ་བྱེད་ཕྱོགས་དྲང་བདེན་དང་ཕྱི་གསལ་ནང་གསལ་མིན་པའི་སྐྱོན་བརྗོད་མུ་མཐུད་འབྱུང་བཞིན་ཡོད།

ད་ལྟ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་ཨ་སྒོར་དུང་ཕྱུར་ ༡༠ ཡི་བུ་ལོན་སྤྲོད་དགོས་པ་དང་། རྒྱ་ནག་གིས་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ནང་འཛུགས་སྐྲུན་ཆེད་མ་དངུལ་ཕོན་ཆེན་པོ་གཡར་གྱི་ཡོད་པ་མ་ཟད། ལྕགས་རིགས་སོགས་ཀྱང་རྒྱ་ནག་རང་གི་ཐོན་རྫས་བེད་སྤྱོང་གཏོང་བཞིན་ཡོད་པ་དང་། རྒྱ་ནག་གིས་གཡར་བའི་བུན་དངུལ་དེ་དག་གི་སྐྱེད་ཀའང་ནམ་རྒྱུན་ལས་ལྡབ་གཉིས་ཀྱི་མཐོ་བ་ཡིན་འདུག

བཞི་བ། འགྲིམ་འགྲུལ།
རྒྱ་ནག་གི་འགྲོ་གྲོན་གཏོང་མཁན་ཕྱུག་བདག་ཚོ།

མཉམ་འབྲེལ་རྒྱལ་ཚོགས་འགྲིམ་འགྲུལ་ལྟ་རྟོག་ལྷན་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། ན་ནིང་རྒྱ་ནག་གི་མི་སེར་ས་ཡ་ ༡༤༥ ཡུལ་སྐོར་སྤྲོ་འཆམ་དུ་ཕྱིན་ཏེ་ཁྱོན་ཨ་སྒོར་དུང་ཕྱུར་ ༢༦༡ ཡི་འགྲོ་གྲོན་བཏང་ཡོད་སྟབས། འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་གྱི་འགྲོ་གྲོན་མཐོ་ཤོས་དེ་ཆགས་ཡོད་པ་དང་། ཨ་རིའི་ཡུལ་སྐོར་སྤྲོ་འཆམ་པས་འགྲོ་གྲོན་ཨ་སྒོར་དུང་ཕྱུར་ ༡༢༢ བཏང་ཡོད་སྟབས། རྒྱ་ནག་ཨ་རི་ལས་སྡབ་གཉིས་ཀྱི་མང་བ་ཆགས་ཡོད་འདུག

རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་ཡུལ་གཙོ་བོ་ཡར་རྒྱས་ཆེ་བའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཡིན་པ་དང་། དམིགས་བསལ་ཡུ་རོབ་དང་དབྱིན་ཡུལ་ཆགས་ཡོད་འདུག དབྱིན་ཇིའི་མི་སེར་ཨི་ཌི་(Edward)ལགས་ཀྱིས་བརྗོད་དོན། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོའི་འགྲོ་ལུགས་འགྲོ་སྟངས་རྒྱལ་ཁབ་གཞན་གྱི་ཡུལ་སྐོར་སྤྲོ་འཆམ་པ་དང་མི་འདྲ་བར་ཁོ་ཚོའི་སྤྱོད་པ་ཡག་པོ་མེད་པ་མ་ཟད། སྤྱི་དམངས་འགྲོ་སའི་སྲང་ལམ་སུམ་མདོ་སོགས་ནས་ཀྱང་སོ་སོ་པར་ལེན་པ་སོགས་བྱེད་ཀྱིན་འདུག ཅེས་བརྗོད་ཡོད།

ལྔ་བ། དམག་ཤུགས།
རྒྱལ་སྤྱིའི་ཞི་བདེ་སྲུང་དམག་དང་རྒྱ་ནག་གི་དམག་མའི་གནས་བབ།

༢༠༡༦ ལོར་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་དམག་ནང་དམག་མི་བཏང་སྟེ། རྒྱལ་སྤྱིའི་སྟེང་རྒྱ་ནག་གིས་འཛམ་གླིང་ལ་དོ་ཁུར་བྱེད་བཞིན་ཡོད་པའི་རྣམ་པ་བསྟན་ཡོད་ཀྱང་། ལྷོ་སུ་ཌན་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཇཱོ་བྷ་(Juba)ནང་གི་དྲག་སྤྱོད་དོན་རྐྱེན་ཁྲོད། རྒྱ་ནག་གི་དམག་མི་གཉིས་ཀྱི་ཚེ་སྲོག་ཤོར་བ་དེས་རྒྱ་ནག་ལ་རྒྱལ་སྤྱིའི་ཞི་བདེ་སྲུང་དམག་བྱེད་རྒྱུ་ནི་ལས་སླ་བོ་ཞིག་མིན་པ་བསྟན་ཡོད།

སྐབས་དེར་རྒྱ་ནག་གཞུང་གིས་རྒྱ་ནག་གི་དམག་མིས་འདས་བའི་ལོ་ངོ་སུམ་ཅུ་ལྷག་རིང་དམག་འཁྲུག་རྒྱག་མྱོང་མེད་སྟབས། རྒྱལ་སྤྱིའི་ཞི་བདེ་སྲུང་དམག་གི་འགན་འཁུར་ཐུབ་རྒྱུ་དཀའ་ལས་ཁག་པོ་ཡིན་སྐོར་འཁོད་ཡོད་ཀྱང་། ད་ལྟ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ནང་རྒྱ་ནག་གི་བདེ་འཇགས་སྲུང་དམག་འགྲེམས་འཇོག་བྱས་ཡོད་པ་དེས་རྒྱ་ནག་རྒྱལ་སྤྱིའི་སྟེང་ཞི་བདེ་སྲུང་དམག་གི་སྟོབས་ཤུགས་ཆེ་ཤོས་ཡིན་པ་ར་སྤྲོད་བྱུང་ཡོད། རྒྱུ་མཚན་ནི། ཨ་ཧྥི་རི་ཁའི་ནང་འཛམ་གླིང་རྒྱལ་ཁབ་ ༡༦ ཡིས་ཞི་བདེ་སྲུང་དམག་འགྲེམས་འཇོག་བྱས་ཡོད་ཀྱང་། རྒྱ་ནག་ལ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ནང་དཔལ་འབྱོར་འཚོལ་སྒྲུབ་བྱེད་པའི་དམིགས་བསལ་གོ་སྐབས་སྤྲད་དེ་ཆེ་མཐོང་བྱས་ཡོད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཞི་བདེ་སྲུང་དམག་ཁྲོད་ད་སྔ་རྒྱ་ནག་གི་དམག་མི་ ༢༣༢༢ ཙམ་བཏང་ཡོད་པ་དང་། ཞི་ཅིན་ཕིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞི་བདེ་སྲུང་དམག་ ༨༠༠༠ གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག ཨ་རིས་གོ་ལའི་ཞི་བདེ་སྲུང་དམག་ཁྲོད་དམག་མི་ ༤༢ མ་གཏོགས་བཏང་མེད་ཀྱང་། གོ་ལའི་ཞི་བདེ་སྲུང་དམག་གི་འགྲོ་གྲོན་མང་ཤོས་ཨ་རིས་གཏོང་གི་ཡོད་པ་དང་། ད་ལྟ་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་འགྲོ་གྲོན་དེའི་ཕྱེད་ཀ་ཕྱིར་འཐེན་བྱེད་འདོད་ཡོད་ལུགས་བཤད་ཡོད།

རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་དམག་ནང་འཛུལ་ཞུགས་བྱས་བ་དེས་རྒྱ་ནག་ལ་རྒྱལ་སྤྱིའི་སྟེང་ཆེ་མཐོང་དང་མཉམ་འབྲེལ་རྒྱལ་ཚོགས་ནང་ཐག་གཅོད་ཀྱི་དབང་ཤུགས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་པ་མ་ཟད། དེས་རྒྱ་ནག་ལ་དཀྱིལ་ཤར་ཡུལ་ཁག་ནས་ས་སྣུམ་སོགས་ཀྱི་ཐོན་ཁུངས་སྐྱེལ་འདྲེན་བྱེད་པར་ཡང་ཕན་ཐོགས་ཆེན་པོ་སྐྲུན་ཡོད།

བསྐྱར་བཅོས།: ༢༠༡༧/༠༥/༡༨

Leave a Reply

2 thoughts on “རྒྱ་ནག་གིས་འཛམ་གླིང་ཟ་སྟངས།

  1. ག་རེ་བཤད་ན་མ་བཤད་ན་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་ཡར་རྒྱས་ཆེ་ཤོས་ཆགས་ཚར་བ་རེད། ཨ་རི་དང་ཡོ་རོབ་སོགས་ཀྱང་དེང་སྐབས་རྒྱ་ནག་གི་རྐུབ་ལ་རྒྱུག་གྲབས་བྱེད་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་རེད།