རྒྱ་ནག་གིས་འཛམ་གླིང་ཤེས་བྱ་ཀུན་བཏུས་ཚིག་མཛོད་བཟོ་འཆར།

རྒྱ་ནག་གིས་ ༢༠༡༨ ལོར་འཛམ་གླིང་ཤེས་བྱ་ཀུན་བཏུས་ (encyclopaedia) ཞེས་པའི་དྲ་ཐོག་ཚིག་མཛོད་ཆེན་མོ་ཞིག་གསར་བཟོ་བྱས་ཏེ། ད་ལྟའི་འཛམ་གླིང་རིག་མཛོད་ཆེན་མོ་ཝེ་ཁེ་ཕི་ཌེ་ཡ་ (Wikipedia)འགྲན་བསླང་རྒྱུ་ཡིན་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ནས། རྒྱ་ནག་གཞུང་གིས་དྲ་ཐོག་ཚིག་མཛོད་བཟོ་མཁན་ཆེད་མཁས་པ་ ༢༠༠༠༠ ལྷག་བསྡུས་ཏེ། མིང་བརྡ་ཐ་སྙད་ ༡༠༠༠ ཡས་མས་ལ་ནང་དོན་འདྲེན་ཚིག་ ༣༠༠༠༠༠ ཡོད་པའི་འཛམ་གླིང་ཤེས་བྱ་ཀུན་བཏུས་ཞེས་པའི་ཚིག་མཛོད་ཆེན་མོ་ཞིག་བཟོ་རྒྱུ་ཡིན་པ་དང་། དེ་ནི་ད་ལྟའི་ཝེ་ཁེ་ཕི་ཌེ་ཡ་ཞེས་པའི་འཛམ་གླིང་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ལས་འཆར་དང་མི་འདྲ་བར། རྒྱ་ནག་གཞུང་འབྲེལ་གཙུག་ལག་སློབ་ཆེན་ཁག་ནས་ཆེད་མཁས་པ་བདམས་ཏེ་བཟོ་རྒྱུ་ཡིན་འདུག

ཚིག་མཛོད་དེའི་རྩོམ་སྒྲིག་འགན་འཁུར་བ་ཡཱང་མུ་ཀྲི་ (Yang Muzhi) ཡིས། རྒྱ་ནག་གི་འཛམ་གླིང་ཤེས་བྱ་ཀུན་བཏུས་དེ་དཔེ་དེབ་ཅིག་མིན་པར་རིག་གཞུང་སྲུང་སྐྱོབ་ཀྱི་ལྕགས་རི་རིང་བོ་ཞིག་ཡིན་ཞེས་བརྗོད་ཡོད། ཡཱང་མུ་ཀྲི་ནི་རྒྱ་ནག་གི་དཔེ་སྐྲུན་ལྷན་ཚོགས་ (BPDAC) ཀྱི་འགན་འཛིན་ཡང་ཡིན་འདུག སྐུ་ཞབས་ཡང་གིས་ད་དུང་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་ཀྱི་སྡིངས་ཆ་འདིར་བརྟེན་ཏེ། རྒྱལ་སྤྱིའི་གནོན་ཤུགས་ལ་གདོང་ལེན་བྱེད་དགོས་ལུགས་ཀྱང་བཤད་འདུག

རྒྱ་ནག་གི་ཤེས་བྱ་ཀུན་བཏུས་ཚིག་མཛོད་དེ་ཐོག་མ་ཕྱི་ལོ་ ༡༩༩༣ ལོར་དཔེ་དེབ་ཏུ་པར་སྐྲུན་བྱས་ཡོད་པ་དང་། ༢༠༡༢ ལོར་ཆེད་མཁས་པ་ཁག་ཅིག་གི་འགན་ལེན་འོག་ཚིག་མཛོད་ཐོན་རིམ་དང་པོ་བཏོན་ཀྱང་། དཔྱད་བརྗོད་པ་ཁག་ཅིག་གིས་ཚིག་མཛོད་དེའི་ནང་ཆབ་སྲིད་དང་འབྲེལ་བའི་ཐ་སྙད་རིགས་བཀག་སྡོམ་བྱས་ཡོད་པའི་སྐྱོན་བརྗོད་བྱས་ཡོད། ༢༠༡༡ ལོ་ནས་ཚིག་མཛོད་དེ་དྲ་ཐོག་ཏུ་འཇོག་རྒྱུའི་འཆར་གཞི་བསྒྲིགས་ཡོད་ཀྱང་ད་བར་ལག་བསྟར་ཐུབ་མེད།

རྒྱ་ནག་གི་གཞུང་འབྲེལ་ལས་འཆར་དེས་འཛམ་གླིང་རིག་མཛོད་ཆེན་མོ་གཙོ་བྱས་ཏེ། རྒྱ་ནག་ནང་གི་ཚོང་གཉེར་ཁང་པའེ་ཏུ་ (Baidu) དང་ཆི་ཧུ་ (Qihu 360) སོགས་ལ་ཐད་ཀར་འགྲན་བསླང་རྒྱུ་ཡིན་འདུག ད་ལྟ་རྒྱ་ནག་ནང་འཛམ་གླིང་རིག་མཛོད་ཆེན་མོར་ལྟ་ཀློག་ཐུབ་ཀྱི་ཡོད་ཀྱང་། ཆབ་སྲིད་དང་འབྲེལ་བའི་བརྗོད་གཞི། དཔེར་ན། ཏཱ་ལའི་བླ་མ་དང་ཞི་ཅིན་ཕིན་ལྟ་བུའི་མིང་བརྡ་མང་པོ་ཞིག་བཀག་ཡོད་འདུག

དབྱིན་ཇིའི་ཨོ་ཁི་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་པ་ཊ་ཧ་ཡ་སི་རེ་ (Taha Yasseri) ལགས་ཀྱིས། རྒྱ་ནག་གཞུང་གིས་དྲ་འཕྲིན་འགོག་བྱེད་ཀྱི་མཉེན་ཆས་སྤྱད་དེ་མི་མང་ལ་འཛམ་གླིང་རིག་མཛོད་བཀོལ་སྤྱོད་བྱེད་མི་འཇུག་པ་དེ་ནི་སྒེར་གཅོད་སྲིད་གཞུང་གི་རྣམ་པ་དངོས་གནས་དེ་རེད་ཅེས་བྷེ་བྷེ་སེ་གསར་ཁང་ལ་བརྗོད་ཡོད། ད་དུང་ཁོས་ “རྒྱ་ནག་གཞུང་གིས་དྲ་ཐོག་ཚིག་མཛོད་གཞན་ཞིག་བཟོ་འཆར་ཡོད་པ་དེ་མི་མང་གི་བློ་ཁ་འགུག་པའི་བྱེད་ཐབས་རེད”ཅེས་བརྗོད་འདུག ཁོང་གི་ལས་རོགས་སྐུ་ཞབས་རྗོ་སི་ཝ་རེ་ཊི་ (Joss Wright) ལགས་ཀྱིས་ཀྱང་། རྒྱ་ནག་གིས་གསར་བཟོ་བྱ་འཆར་ཡོད་པའི་དྲ་ཐོག་ཚིག་མཛོད་དེས་རྒྱ་ནག་མི་མང་གི་དྭང་བ་འདྲེན་སྲིད་པ་རེད་ཟེར།

ལོ་སྔོན་མར་རྒྱ་ནག་སྐམ་ས་ཆེན་མོའི་གསར་ཤོག་སྟེང་སྤེལ་བའི་རྩོམ་ཡིག་ཅིག་ཏུ་སྐུ་ཞབས་ཡཱང་གིས། རྒྱ་ནག་ནང་འཛམ་གླིང་རིག་མཛོད་ཆེན་མོ་བཀོལ་སྤྱོད་བྱེད་དུ་བཅུག་པ་ནི། ཆེད་དུ་གཞན་ལ་ངན་སྨྲས་བྱེད་དུ་བཅུག་པ་དང་གཅིག་མཚུངས་རེད་ཅེས་འཛམ་གླིང་རིག་འཛོད་ཆེན་མོར་ཟུར་ཟ་བྱས་ཡོད་ལ། ཁོས་ད་དུང་། “ང་ཚོར་འཛམ་གླིང་ལ་དཀོན་པའི་ཚད་ལྡན་རྩོམ་པ་པོའི་སྡེ་ཞིག་ཡོད” ཅེས་དང་། “ང་ཚོའི་དམིགས་འབེན་ནི་འཛམ་གླིང་གི་རྗེས་ཆོད་རྒྱུ་དེ་མིན་པར། འཛམ་གླིང་གི་མདུད་དུ་བསྐྱོད་རྒྱུ་དེ་ཡིན” ཞེས་སོགས་བཤད་ཡོད།

བདུན་ཕྲག་སྔོན་མར་ཊུར་ཀེའི་གཞུང་གིས་རྒྱུ་མཚན་གསལ་བཤད་མེད་པར་འཛམ་གླིང་རིག་མཛོད་ཆེན་མོ་བཀག་སྡོམ་བྱས་ཡོད་པ་དང་། ༢༠༡༤ ལོར་ཨུ་རུ་སུའི་གཞུང་གིས་ཀྱང་མི་མང་ལ་མཁོ་བའི་ཉིན་རེའི་གནས་ཚུལ་ཁག་གཞུང་འབྲེལ་ཤེས་རིག་སྡིངས་ཆ་ཁག་ཏུ་ཡག་པོ་རེག་གི་ཡོད་སྐོར་བརྗོད་དེ། འཛམ་གླིང་རིག་མཛོད་ཆེན་མོ་འགོག་རྒྱུའི་ཐབས་ཤེས་བྱས་ཡོད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༠༣

Leave a Reply