རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁ་ཤས་ལ་མིང་བཏགས་པ་དེར་སློབ་ཕྲུག་ཚོས་ངོ་རྒོལ་བྱས།

རྒྱ་ནག་གཞུང་གིས་ལོ་རྒྱུས་ཁུངས་གཏུག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་དྲུག་ལ་མིང་གསར་དུ་བཏགས་པ་དེར་རྒྱ་གར་ཕྱོགས་ནས་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད་ས་ཁུལ་དེའི་སློབ་ཕྲུག་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

རྒྱ་གར་དཔལ་འབྱོར་དུས་བབ་ཀྱིས་གནས་ཚུལ་བཀོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཉེ་ཆར་རྒྱ་གར་ཨ་རུ་ན་ཅལ་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་ལ་མིང་གསར་དུ་བཏགས་པ་དེ་དག་མགྱོགས་པོར་རྒྱལ་སྤྱིའི་ཐོག་ཚད་ཡོང་ཐབས་བྱེད་ཀྱིན་ཡོད་སྐོར་བསྒྲགས་ཡོད་འདུག རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་ཁུལ་གྱི་ས་ཁུལ་དེ་དག་ལོ་ངོ་བརྒྱ་ཕྲག་གོང་གི་བོད་ཀྱི་ས་ཁྲ་དང་ཐོ་གཞུང་རྙིང་པ་སོགས་སུ་ཁུངས་གཏུགས་ཏེ། རྒྱལ་སྤྱི་དང་རྒྱ་གར་གཞུང་ལ་ས་ཁུལ་དེ་དག་བོད་ལྷོ་རྒྱུད་ཀྱི་མངའ་ཁོངས་ཡིན་པ་ཁུངས་སྐྱེལ་བྱེད་ཀྱིན་ཡོད་པ་མ་ཟད། རྒྱལ་སྤྱིའི་འབྲེལ་ལམ་བརྒྱུད་དེ་དྲ་ལམ་གྷོ་གཱལ་(Google)ནང་འཇུག་ཐབས་བྱེད་བཞིན་ཡོད་འདུག

རྒྱ་གར་བརྙན་ཁང་གིས་གནས་ཚུལ་སྤེལ་བའི་ནང་། དེ་རིང་ཞོགས་པར་ཨ་རུ་ནཱ་ཅལ་མངའ་སྡེའི་བྷེ་ཇེ་ཕི་(BJP)སྲིད་དོན་ཚོགས་པའི་གོ་སྒྲིག་འོག མངའ་སྡེའི་སློབ་ཕྲུག་མཐུན་ཚོགས་ཀྱི་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སློབ་ཕྲུག་ཚོས་རྒྱ་ནག་གཞུང་གིས་ཉེ་ཆར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་སྒྱུར་བསྐྱངས་པར་ཁ་གཡར་ཏེ། འདས་པའི་ལོ་མང་རིང་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་ཡོད་པའི་ས་ཁུལ་དེ་དག་ལ་མིང་གསར་བཏགས་ཏེ་ས་ཆུལ་དེ་དག་ཧམ་བཟུང་བྱེད་འདོད་ཡོད་པ་རེད། ཅེས་སྐད་འབོད་ཁྲོམ་སྐོར་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་པར་མེ་བསྲེགས་བཏང་བ་སོགས་བྱས་ཡོད་འདུག

ཉེ་ལམ་རྒྱ་གར་གཞུང་གིས་རྒྱ་ནག་གིས་སྐྱོན་བརྗོད་དང་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་བར། བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་དཀར་ནག་བར་རྩོད་རྙོག་ཡོད་པའི་ཨ་རུ་ནཱ་ཅལ་མངའ་སྡེར་ཕེབས་བསུ་གཟབ་རྒྱས་ཞུས་པ་ཡོད་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཐོག་རྒྱ་ནག་གཞུང་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད་སྐོར་བརྗོད་ཡོད། རྒྱ་ནག་གཞུང་གིས་དེ་ལ་འཁོན་ལེན་སློག་ཆེད་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རུ་ནཱ་ཅལ་ཁུལ་གྱི་ས་ཁུལ་ ༦ ལ་མིང་གསར་དུ་བཏགས་ཏེ། ལོ་རྒྱུས་ལུང་འདྲེན་གྱིས་ས་ཁུལ་དེ་དག་བོད་ལྷོ་རྒྱུད་ཀྱི་ས་ཁུལ་ཡིན་སྐོར་གཞུང་འབྲེལ་གསལ་བསྒྲགས་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ས་མིང་དེ་དག་རྒྱ་ཡིག་དང་བོད་ཡིག་ཡང་འཁོད་ཡོད་པ་མ་ཟད། ཁུངས་ལྡན་དང་རྒྱ་ཁྱབ་ཡོངས་ཆེད་དབྱིན་ཡིག་གི་རཱོ་མན་(Roman)གསལ་བྱེད་ནང་དུའང་བྲིས་ཡོད་འདུག ཐེངས་འདིར་རྒྱ་གཞུང་གིས་གསར་དུ་བཏགས་པའི་ས་མིང་དེ་དག་ནི། ཨོ་རྒྱན་གླིང་དང་མི་ལ་རི། མཆོད་རྟེན་དཀར་པོ་རི། སྨན་ཆུ་ཁ། པུས་མོའི་ལ། ནམ་མཁའ་ཕུབ་རི་སོགས་ཡིན་འདུག

རྒྱ་གར་གྱི་མཁས་དབང་ཚོས་རྒྱ་ནག་གཞུང་གིས་ས་ཁུལ་དེ་དག་ལ་མིང་གསར་པ་ག་རེ་བཏགས་ཀྱང་། ས་ཁུལ་དེ་དག་ཨ་རུ་ནཱ་ཅལ་མངའ་སྡེའི་ཁོངས་གཏོགས་རྩོད་མེད་ཡིན་སྐོར་བརྗོད་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་དེ་དག་བོད་ལྷོ་རྒྱུད་ཀྱི་ཁོངས་གཏོགས་ཡིན་པ་ལོ་རྒྱུས་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་ཡིན་ཚུལ་རྗོད་བཞིན་ཡོད།

རྒྱ་གར་བརྙན་འཕྲིན་གྱི་གནས་ཚུལ་ནང་། “ བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་རུ་ནཱ་ཅལ་གྱི་ས་སྤར་མོ་གང་ཡིན་ཡང་རྒྱ་གར་གཞུང་ལ་བདག་གི་ཡོད། རྒྱ་ནག་གིས་རྒྱ་གར་གྱི་ནང་སྲིད་བདེ་འཇགས་ལ་ཐེ་བྱུས་མ་བྱེད་ཅེས་གསུངས་ཡོད་པ་དང་། རྒྱ་གར་གྱི་མཁས་དབང་སྐུ་ཞབས་ཟི་ཏོ་པཱང་(P Stobdan)ལགས་ཀྱིས་ཀྱང་། ད་ལྟ་རྒྱ་ནག་ལ་མོན་རྟ་དབང་རྒྱ་ནག་གི་ཡིན་པའི་ཁུངས་སྐྱེལ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པའི་འཁྲུངས་ཡུལ་ཡིན་པའི་ལོ་རྒྱུས་ལས་གཞན་གང་ཡང་མེད། རྟ་དབང་དགོན་པ་ནི་འདས་བའི་ལོ་རྒྱུས་ནང་རྒྱ་ནག་གི་ནང་པའི་དགོན་སྡེ་ཁག་དང་ཆོས་འབྲེལ་བྱུང་བའི་སྐོར་བརྗོད་ཡོད་པ་དང་། ཟླ་བ་འགའི་གོང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཕེབས་པར་རྒྱ་གར་གཞུང་གི་རོགས་རམ་ལམ་ལྷོང་བྱུང་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱ་གར་ལ་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཕྱི་ཕྱོགས་སུ་གཟིགས་སྐོར་དུ་ཕེབས་མི་འཇུག་པའི་ཁས་ལེན་བྱེད་དུ་འཇུག་འདོད་ཡོད་པ་རེད།”ཅེས་སོགས་འཁོད་འདུག

རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ལཱོ་ཁཱང་(Lu Kang)གིས། “ང་ཚོའི་གོམ་སྟབས་གཉིས་བ་ནི་ཐེངས་འདིར་གསར་དུ་མིང་བཏགས་པའི་ས་ཁུལ་དེ་དག་གི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ། བོད་ཡིག་གི་ས་མིང་དེ་དག་ལོ་རྒྱུས་ཁུངས་བདེན་ཚད་ལྡན་ཡོང་ཐབས་བྱ་རྒྱུ་ཡིན།”ཞེས་བརྗོད་དེ། ས་ཁུལ་དེ་དག་ལ་མིང་གསར་དུ་བཏགས་པ་དེས་ས་ཁུལ་དེ་དག་བོད་ལྷོ་རྒྱུད་ཀྱི་མངའ་ཁུལ་ཡིན་པའི་སྒྲུབ་བྱེད་དུ་ཕན་ཐོགས་ཡོད་པ་ཁས་ལེན་བྱས་ཡོད་ལ། ཁོས་ད་དུང་ “ མིང་གསར་དུ་བཏགས་པ་དེས་ས་ཁུལ་དེ་དག་རྒྱ་ནག་གི་ཆ་ཤས་ཡིན་པར་ར་སྤྲོད་བྱས་བ་ཙམ་མ་ཡིན་པར། ས་ཁུལ་དེ་དག་ལོ་རྒྱུས་དང་རིག་གཞུང་། འཛིན་སྐྱོང་གང་ཐད་ནས་བོད་ལྷོ་རྒྱུད་ཀྱི་ས་ཁུལ་ཡིན་པ་བདེན་པ་ར་སྤྲོད་བྱས་ཡོད” ཅེས་སོགས་བརྗོད་ཡོད།

བསྐྱར་བཅོས།: ༢༠༡༧/༠༤/༢༥

Leave a Reply

One thought on “རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁ་ཤས་ལ་མིང་བཏགས་པ་དེར་སློབ་ཕྲུག་ཚོས་ངོ་རྒོལ་བྱས།

  1. སྲས་སྐུ་ངོ་།

    ཨོ་རྒྱན་གླིང་དང་མི་ལ་རི། མཆོད་རྟེན་དཀར་པོ་རི། སྨན་ཆུ་ཁ། པུས་མོའི་ལ། ནམ་མཁའ་ཕུབ་རི།
    Wo’gyainling, Mila Ri, Qoidêngarbo Ri, Mainquka, Bümo La and Namkapub Ri.”