རྒྱ་ནག་གིས་ཨབ་གྷན་གྱི་ནང་པའི་གནའ་ཤུལ་སྔོག་འདོན་བྱས།

རྒྱ་ནག་གཞུང་འབྲེལ་གཏེར་འདོན་ཚན་པ་ཞིག་གིས་ཨ་ཧྥི་གྷ་ནེ་སི་ཐན་གྱི་ལྷོ་ཤར་ཕྱོགས་ཀྱི་སྤྱི་ལེ་ ༢༥ མཚམས་སུ་ཡོད་པའི་གནའ་ཤུལ་ཆེན་པོ་ཞིག་སྔོག་འདོན་བྱས་ཏེ་ཁྲོ་ཟངས་རིགས་ཀྱིས་གྲུབ་པའི་ནང་པའི་སྐུ་བརྙན་ཆེ་ཆུང་མང་པོ་འཐོན་ཡོད་ཅིང་། ཨབ་གྷན་ནང་གི་གནའ་ཤུལ་དེར་ངོ་ལོ་ ༥༠༠༠ གི་ལོ་རྒྱུས་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༠༧ ལོར་ཨ་ཧྥི་གྷ་ནེ་སི་ཐན་གཞུང་གི་བཀའ་འཁྲོལ་འོག རྒྱ་ནག་གཞུང་འབྲེལ་གཏེར་འདོན་ཚན་པ་(MCC)ཞེས་པས་ཨ་ཧྥི་གྷ་ནེ་སི་ཐན་གཞུང་ལ་ཨ་སྒོར་ཐེར་འབུམ་ ༣ སྤྲད་དེ། ལོ་ངོ་ ༣༠ རིང་ཨབ་གྷན་ལྷོ་ཤར་རྒྱུད་ཀྱི་ (the Mes Aynak) ཞེས་པའི་གནའ་ཤུལ་སྔོག་འདོན་བྱ་རྒྱུ་བྱས་ཡོད་པ་དང་། ད་ཆར་རྒྱ་ནག་གི་གཏེར་འདོན་ཚན་པ་དེས་གནའ་ཤུལ་དེ་ནས་ཨ་སྒོར་ཐེར་འབུམ་ ༡༠༠ ལྷག་གི་ཟངས་རིགས་སྔོག་འདོན་དང་ནང་འདྲེན་བྱེད་འཆར་ཡོད་སྟབས། རྒྱལ་སྤྱིའི་གནའ་ཤུལ་སྲུང་སྐྱོབ་ཚན་པ་ཁག་གིས་ཨབ་གྷན་ནང་གི་གནའ་ཤུལ་དེ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཨབ་གྷན་གྱི་རྡོ་སྣུམ་དང་རང་བྱུང་ཐོན་ཁུངས་ལྷན་ཁང་གི་མགྲིན་ཚབ་པ་སར་ཝ་རེ་ (Zabih Sarwari) ཡིས། ནང་པའི་གནའ་ཤུལ་གྲགས་ཆེན་དེ་ནི་འཛམ་གླིང་སྟེང་གི་ཟངས་ཀྱི་ཐོན་ཁུངས་ཨང་གཉིས་པ་ཡིན་པ་དང་། གནའ་ཤུལ་དེ་ལ་ཞིབ་འཇུག་བྱས་པ་བརྒྱུད་དེ་མུ་མཐུད་ཟངས་རིགས་སྔོག་འདོན་བྱ་རྒྱུ་ཡིན་པ་དང་། ད་ཆར་གནའ་ཤུལ་དེ་ནས་ཟངས་ཀྱི་ནང་པའི་སྐུ་འདྲ་ ༢༣༠༠ མས་ཡས་སྔོག་འདོན་དང་སྐྱེལ་འདྲེན་བྱས་ཟིན་ཡོད་སྐོར་བརྗོད་འདུག

ཨབ་གྷན་ཆིག་སྒྲིལ་ལྟ་ཞིབ་ཚོགས་པའི་འགན་འཛིན་ཟུར་བ་ནཱོ་ར་ནེ་ (Javed Noorani) ལགས་ཀྱིས། དེ་སྔོན་འཛམ་གླིང་དངུལ་ཁང་དང་ཨབ་གྷན་གཞུང་མཉམ་འབྲེལ་ཐོག གནའ་ཤུལ་དེ་བདེ་འཇགས་ཀྱི་ས་གནས་གཞན་ཞིག་ཏུ་གནས་སྤོ་རྒྱུ་བྱས་ཡོད་པ་དང་། གལ་ཏེ་གནའ་ཤུལ་དེ་གནས་སྤོས་བ་ཡིན་ན། དེ་ནི་རྒྱལ་སྤྱིའི་གནའ་ཤུལ་སྲུང་སྐྱོབ་རྩ་ཁྲིམས་དང་འགལ་ཡོད་པ་མ་ཟད། དེས་ཨབ་གྷན་གྱི་ཁོར་ཡུག་ལའང་གནོད་སྐྱོན་ཆེན་པོ་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནའ་ཤུལ་སྲུང་སྐྱོབ་ཚན་པའི་སློབ་སྟོན་པ་ཊེམ་ཝེ་ལེམ་ (Tim Williams) ལགས་ཀྱིས། ཨབ་གྷན་གཞུང་ཕྱོགས་ནས་གནའ་ཤུལ་དེ་རྒྱལ་ཚོགས་གནའ་ཤུལ་སྲུང་སྐྱོབ་ཚན་པར་སྙན་གསེང་ཞུས་ཏེ། རྩ་ཆེ་བའི་གནའ་ཤུལ་དེ་སྲུང་སྐྱོབ་བྱེད་དགོས་སྐོར་བརྗོད་འདུག

༢༠༡༣ ལོར་བྷི་རིན་ཊ་ཧུ་ཧྥི་མན་ (Brent Huffman) ཟེར་བའི་གློག་བརྙན་ཁྲབ་འཁྲིད་པ་ཞིག་གིས། གནའ་ཤུལ་དེའི་སྐོར་ལ་མི་ས་ཨེ་ན་ཀ་སྲུང་སྐྱོབ་ (Saving Mes Aynak) ཅེས་པའི་གློག་བརྙན་ཞིག་བཟོས་ཡོད་པ་དང་། གློག་བརྙན་དེའི་ནང་གནའ་ཤུལ་དེའི་ཉེ་ཁུལ་གྱི་གྲོང་གསེབ་མང་པོ་ས་གནས་གཞན་དུ་གནས་སྤོ་བྱས་ཏེ། ཟངས་གཏེར་སྔོག་འདོན་གྱི་འགྲུལ་ལམ་བཟོས་པའི་སྐོར་བཀོད་ཡོད་པ་མ་ཟད། གློག་བརྙན་དེའི་ནང་རྒྱ་ནག་གཞུང་འབྲེལ་གཏེར་འདོན་ཚན་པས་གནའ་ཤུལ་དེ་སྔོག་འདོན་བྱས་པ་བརྒྱུད་དེ། ཨ་བྷན་གྱི་བཟོ་གྲྭ་དང་མི་མང་པོར་ལས་ཀ་སྤྲོད་བཞིན་ཡོད་ཚུལ་ཡང་བསྟན་ཡོད་འདུག

༢༠༠༡ ལོར་ཨབ་གྷན་ནང་གི་ཊ་ལེ་བྷན་འཇིགས་སྐུལ་དྲག་སྤྱོད་ཚོགས་པས། ཨབ་གྷན་ནུབ་བྱང་གི་བྷམ་ཡན་ (Bamyan) ས་ཁུལ་དུ་བྲག་རྐོས་ནང་པའི་སྐུ་བརྙན་ཆེན་པོ་ཞིག་ཐོན་ཡོད་པ་དེ་ལ་གཏོར་རྒོལ་ཚབས་ཆེན་བཏང་ཡོད་ཅིང་། སྐུ་བརྙན་དེའི་མཐོ་ཚད་ལ་མི་ཊིར་ ༢༥༠༠ ཡོད་པ་དང་། སྐུ་བརྙན་དེ་སྤྱི་ལོའི་དུས་རབས་དྲུག་པའི་ནང་གནའ་བོའི་རྒྱ་གར་དང་གྷི་རེ་སིའི་བཟོ་རྩལ་གྱི་རྣམ་པར་བཟོས་ཡོད་འདུག

1-104235037-unspecified 2-Unknown+1 3-src.adapt.960.high.logar_mining2_051614.1403653206596 4-bd49181444a82fc2a74d1fe2e68abde4 5-104245649-unspecified3.530x298 6-120919090550-afghan-mining-07-horizontal-large-gallery

གསར་འགོད་པ། པདྨ་རྒྱལ།

 

བསྐྱར་བཅོས།: ༢༠༡༧/༠༢/༠༥

Leave a Reply

2 thoughts on “རྒྱ་ནག་གིས་ཨབ་གྷན་གྱི་ནང་པའི་གནའ་ཤུལ་སྔོག་འདོན་བྱས།

  1. བཟོ་བསྐྲུན་པ་སྔ་མོ་བོད་ནས་ཡིན་སྲིད། གལ་སྲིད་བོད་ནས་ཡིན་ན་རྒྱ་ནག་གིས་བོད་ཀྱི་མིང་ཙམ་མེད་པ་བཟོ་ངེས་རེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་གིས་བཙན་བྱོལ་གཞིས་ཆགས་མ་གཏོགས་བྱུས་གཏོགས་བྱེད་ཤེས་ཀྱི་མ་རེད། དེ་བས་དུས་བབ་ཚང་གིས་གནས་ཚུལ་དེར་དོ་སྣང་མང་ཙམ་གནང་རོགས།
    དུས་བབ་ཚང་ལ་དབྱིན་ཡིག་གསར་འགྱུར་མེད་པས་སེམས་སྐྱོ།

  2. དགུ་ཚིགས་ཕོ་ཉ

    ཟངས་སྐུ་དེ་དག་ལོ་ངོ་ལྔ་སྟོང་གི་ཡིན་པར་བདེན་ན་ནང་བའི་སྐུ་འདྲ་ཨེ་ཡིན། སྟོན་པ་བཅོམ་ལྡན་སྐུ་མྱ་ངན་ལས་འདས་ནས་མི་ལོ་2560 ཙམ་ལས་འགོར་མེད།