རྒྱ་ནག་གི་གྲོང་གསེབ་བུ་མོའི་ལས་དབང་།

དེ་རིང་རྒྱལ་སྤྱིའི་བུད་མེད་དུས་ཆེན་དང་བསྟུན་ཏེ་རྒྱ་ནག་ལྷོ་རྒྱུད་གསར་ཁང་གིས་ཁྲོན་ཆེན་ས་ཁུལ་གྱི་ཁྱིམ་ཚང་ཞིག་གི་བུ་མོ་གསུམ་ཆུང་དུས་ནས་གཞན་ལ་མནའ་མར་བཙོངས་བའི་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་འདིར་བཀོད་ཡོད།

རྒྱ་ནག་གི་བུ་མོ་ཕན་ཡཱན་ (Ma Panyan) དང་མཱ་ཕན་ཧྭ་ (Ma Panhui) གཉིས་སྤུན་མཆེད་ཡིན་ཞིང་། ཁོ་མོ་གཉིས་ཀྱི་ཨ་ཞང་གིས་ཁོ་གཉིས་དང་། ཁོ་གཉིས་ཀྱི་ཨ་ཅག་ཕན་ཧྲན་ (Panzhen) བཅས་སྤུན་མཆེད་གསུམ་ཆུང་ཆུང་བྱིས་པའི་དུས་ནས་གཞན་ལ་མནའ་མར་བཙོངས་ཡོད་པ་དང་། ད་ཆར་ཁོ་མོ་གཉིས་ཀྱིས་ཚུལ་མིན་གྱི་གནད་དོན་དེར་འཐབ་རྩོད་བྱེད་བཞིན་ཡོད་སྟབས། ས་གནས་སྲིད་གཞུང་གི་དམ་དྲག་འོག་ད་ཆར་ཁོ་མོ་གཉིས་ཀྱི་གནས་སྟངས་ཧ་ཅང་ཛ་དྲགས་ཆགས་ཡོད་འདུག

རྒྱ་ནག་ཁྲོན་ཆེན་གྲོང་ཁྱེར་ཝུ་ཧྲན་རྫོང་ཉེན་རྟོག་ཁང་དང་བུད་མེད་ལས་དོན་ཁང་གི་དཔོན་རིགས་ཚོས་བུ་མོ་སྤུན་མཆེད་དེ་གཉིས་ཀྱིས་ཐོབ་ཐང་རྩོད་ལེན་མི་ཆོག་པ་མ་ཟད། གནས་ཚུལ་དེ་གསར་ལམ་ཁག་ཏུ་བཤད་པར་ཡང་བཀག་འགོག་བྱས་ཡོད་འདུག བུ་མོ་དེ་གཉིས་ཀྱིས་ཁོ་མོ་གཉིས་དང་ཨ་ཅག་གཙོས་པའི་རྒྱ་ནག་གི་བུད་མེད་ཚོ་བྱིས་པའི་དུས་ནས་གཞན་ལ་ཚོང་སྒྱུར་བྱེད་པ་དང་། བཙན་གཡེམ་གཏོང་བ། བྱིས་པའི་དུས་ནས་ཕྲུ་གུ་སྐྱེ་རུ་འཇུག་པ་སོགས་ཀྱི་དཀའ་རྙོག་དེ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་དང་བསྟུན་ཏེ་གསར་ལམ་ཁག་ཏུ་གསལ་འདོན་བྱས་ཡོད་འདུག

རྒྱ་མོ་ཕན་ཧྭ་ཡིས་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་གསར་ཁང་གི་གསར་འགོད་པར་བརྗོད་དོན། “ང་ནི་ཧ་ཅང་ཡིད་ཐང་ཆད་ཀྱི་འདུག ད་ཆར་ང་གཞུང་གི་གཉའ་གནོན་དང་ལྟ་རྟོག་འོག་བསྡད་ཡོད། ང་ཝུ་ཧྲན་རྫོང་དུ་འདུག་འདོད་ཡེ་ནས་མི་འདུག ཁོ་ཚོས་ང་ལ་ཅི་ཞིག་བྱ་རྒྱུ་ཡིན་མིན་ངས་ཤེས་ཀྱི་མི་འདུག ང་ལ་རང་དབང་མི་འདུག ཐ་ན་ང་རང་ས་གནས་གང་དུ་སོང་ཡང་། མི་འདི་ཚོས་ང་ལ་གཉའ་གནོན་གཏོང་གི་འདུག ངས་དྲང་བདེན་རྩོད་ལེན་བྱེད་འདོད་ཀྱང་། ང་ལ་སློབ་སྦྱོང་མེད་པས་རང་ཉིད་ཀྱི་དཀའ་སྡུག་ཇི་ལྟར་འགྲེལ་བརྗོད་དགོས་པའང་ཤེས་ཀྱི་མི་འདུག འདི་ལྟ་བུའི་གདུག་རྩུབ་ཅིག་བཟོད་བསྲན་བྱེད་དགོས་ན། ང་འཇིག་རྟེན་མི་ཡུལ་འདིར་ཡོང་བར་དོན་སྙིང་མི་འདུག” ཅེས་བརྗོད་འདུག

བུ་མོ་སྤུན་མཆེད་དེ་གསུམ་ཀྱི་དཀའ་སྡུག་གི་གཏམ་བརྒྱུད་དེ་ཐོག་མར་ ༡༩༩༧ ལོ་ནས་མགོ་བཙུགས་ཡོད་པ་དང་། སྐབས་དེར་ཁོ་མོ་ཚོའི་ཨ་མ་གཞན་གྱི་ལྐོག་གསོད་ཐེབས་པ་དང་ཨ་ཕ་ས་གཞན་ལ་བྲོས་བྱོལ་དུ་ཕྱིན་རྗེས། ཁོང་ཅག་ཨ་ཞང་མཱ་ཀྲུང་སཱོང་ (Ma Zhengsong) ཞེས་པས་བདག་སྐྱོང་བྱས་ཡོད་ཀྱང་། ལོ་དེ་རང་ལ་བུ་མོ་ཆེ་བ་ཕན་ཧྲན་ཨ་ཞང་གིས་ས་ཁུལ་དེའི་གྲོང་གསེབ་ཅིག་ཏུ་རྒྱ་སྒོར་ ༢༥༠༠ བྱས་ཏེ་མནའ་མར་བཙོངས་ཡོད་པ་དང་། སྐབས་དེར་མོ་ལོ་ ༡༣ ཡིན་འདུག

རྒྱ་ནག་ལ་གནའ་སྔ་མོའི་དུས་ནས་བྱིས་པ་ཆུང་ཆུང་གཉེན་སྒྲིག་བྱེད་དུ་འཇུག་པའི་ལམ་སྲོལ་ཞིག་ཡོད་པ་དང་། ལམ་སྲོལ་དེའི་འོག་དྭ་ཕྲུག་དང་ཁྱིམ་ཚང་ཉམས་རྒུད་ཕྱིན་པའི་ཤུལ་གྱི་ལོ་ཆུང་བུ་མོ་ཚོ་ཁྱིམ་ཚང་གཞན་གྱིས་གཉོར་སྐྱོང་བྱས་ཏེ། མཐའ་མར་ཁྱིམ་དེའི་བུ་ཕྲུག་ཚོར་གཉེན་སྒྲིག་བྱེད་དུ་འཇུག་པ་དང་། ལུགས་སྲོལ་དེ་ ༡༩༥༠ ལོའི་རྗེས་སུ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད་ཀྱང་། གྲོང་གསེབ་ཁག་ཏུ་ལུགས་སྲོལ་དེ་ད་དུང་མུ་མཐུད་གནས་ཡོད་འདུག ལུགས་སྲོལ་དེ་དར་བའི་ས་ཁུལ་ཁག་ཏུ་ “རི་རབ་མཐོ་ལ་རྒྱལ་སར་ཁད་ཐག་རིང” ཞེས་པའི་བཤད་སྲོལ་ཞིག་ཡོད་ཅིང་། དེ་ནི་པེ་ཅིན་གཞུང་གིས་ཀྱང་གནའ་བོའི་ཚུལ་མིན་བྱ་སྤྱོད་དེ་སྣང་མེད་དུ་འཇོག་གི་ཡོད་འདུག

༢༠༡༡ ལོར་རྒྱ་ནག་ཧྭི་པེ་ཞིང་ཆེན་གྱི་གསར་ཁང་ཞིག་གིས། རང་ལོ་ ༡༢ ཅན་གྱི་བུ་མོ་ཞིག་ཕ་ཡུལ་ནང་སོག་ནས་ཡིན་པའི་སེམས་ནད་ཅན་གྱི་སྐྱེས་པ་ཞིག་ལ་རྒྱ་སྒོར་ ༤༠༠༠༠ བྱས་ཏེ་བཙོངས་ཡོད་པ་དང་། སྐབས་དེར་བུ་མོ་དེ་ཧྲི་ཅ་ཀྲང་མེ་འཁོར་ས་ཚིགས་ནས་སྐྱོབ་ཐུབ་ཡོད་པའི་གནས་ཚུལ་སྤེལ་ཡོད། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་ནག་གཞོན་ནུའི་ཉིན་རེའི་གསར་ཁང་གིས། རྒྱ་ནག་ཀྲེ་ཅང་ཞིང་ཆེན་ཡེ་ཝུ་གྲོང་ཁྱེར་ནས་ཡིན་པའི་རྒྱ་མོ་རང་ལོ་ ༣༩ ཅན་ཞིག་རང་གི་ནང་མིར་ཁ་ངོ་ཐུག་ཡོད་པ་དང་། མོ་ཐོག་མར་ ༡༩༩༠ ལོར་རྒྱ་ནག་ཧྥི་ཅན་ཞིང་ཆེན་གྱི་ཁྱིམ་ཚང་ཞིག་ལ་བུ་སྐལ་དང་ཕྱིས་སུ་མནའ་མར་བཙོངས་ཡོད་ཚུལ་བསྒྲགས་འདུག ལོ་ངོ་དྲུག་གི་སྔོན་ལ་རྒྱ་ནག་སྐམ་ས་ཆེན་མོའི་གསར་ལམ་ཁག་ཏུ། རྒྱ་ནག་ཧྥི་ཅན་ཞིང་ཆེན་གྱི་ཕུ་ཊེན་གྲོང་ཁྱེར་དུ་ལོ་གཅིག་ནང་བུ་སྐལ་གྱི་མིང་ཐོག་ནས་མནའ་མར་བཙོངས་པའི་བུ་མོ་ཆུང་ཆུང་ ༦༠༠ ལས་བརྒལ་ཡོད་ཚུལ་བསྒྲགས་ཡོད།

གོང་གི་རྒྱ་མོ་སྤུན་མཆེད་གསུམ་ལས་འབྲིང་བ་ཕན་ཡཱན་ ༢༠༠༠ ལོར་ཁོ་མོའི་ཨ་ཞང་གིས་རྒྱ་སྒོར་ ༣༠༠༠ བྱས་ཏེ། ལོ་ ༢༩ ཡིན་པའི་ཁྲིན་ཞི་ཧྲན་ཟེར་བའི་སྐྱེས་པ་ཞིག་གི་མནའ་མར་བཙོངས་ཡོད་པ་དང་། སྐབས་དེར་མོ་རང་ལོ་ ༡༢ ཡིན་ཞིང་། ལོ་ ༡༤ སྟེང་བྱིས་པ་བུ་མོ་ཞིག་དང་ལོ་ ༡༩ སྟེང་བུ་ཞིག་བཙས་ཡོད་འདུག རྒྱ་ནག་གི་བཅའ་ཁྲིམས་ནང་རང་ལོ་ ༡༨ ཟིན་རྗེས་གཉེན་སྒྲིག་བྱས་ན་ཁྲིམས་མཐུན་ཡིན་པ་གཏན་འབེབས་བྱས་ཡོད།

སྤུན་ཆུང་བ་ཕན་ཧྭ་རང་ལོ་ ༡༢ སྟེང་རྒྱ་སྒོར་ ༤༠༠༠ བྱས་ཏེ་ལུ་ཕེན་ཅིན་ཟེར་བའི་སྐྱེས་པ་རང་ལོ་ ༢༤ ཅན་ཞིག་གི་མནའ་མར་བཙོངས་ཡོད་པ་དང་། མོ་རང་ལོ་ ༡༥ སྟེང་སྔ་རྗེས་སུ་ཕྲུ་གུ་བུ་ཞིག་དང་བུ་མོ་ཞིག་བཙས་ཡོད་ཅིང་། ལོ་ངོ་ ༡༠ རྗེས་ལ་ཕྱིར་རང་ཡུལ་དུ་བྲོས་ཡོང་སྟེ། ད་ཆར་ཕ་ཡུལ་ཀུང་ཏུང་ཞིང་ཆེན་དུ་སྤུན་མཆེད་ཚོ་དང་མཉམ་དུ་བསྡད་དེ། ཁོ་མོ་དང་ཁོ་མོའི་སྤུན་མཆེད་འབྲིང་བ་གཉིས་ཀྱི་ཞོར་ལས་ལ་བརྟེན་ཏེ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། མོས་རང་ཉིད་ཀྱི་ལས་དབང་དང་འབྲེལ་བའི་རྒྱ་ནག་ནང་གི་བྱིས་པ་ཁྲིམས་འགལ་ཐོག་གཉེན་སྒྲིག་བྱེད་ཀྱིན་པའི་གནད་དོན་ཐོག་འཐབ་རྩོད་བྱེད་བཞིན་ཡོད་འདུག

ཝུ་ཧྲན་རྫོང་སྲིད་གཞུང་གི་ཆོག་མཆན་འོག་དེ་སྔོན་གཉེན་སྒྲིག་དཔང་ཡིག་བླངས་ཟིན་པའི་ཕན་ཡཱན་ལ་ལོ་གཅིག་གི་རྗེས་སུ་ད་ལྟའི་ཁྱོ་ག་དང་གཉེན་འཐོར་ཆོག་པ་བྱས་ཡོད་ཀྱང་། རྫོང་ཁྲིམས་ཁང་གིས་ཕན་ཡཱན་གནས་ཡུལ་ནས་ལོ་ ༡༠ འགོར་ཡོད་སྟབས། དེ་སྔོན་རང་ལོ་ ༡༢ སྟེང་ཁོ་མོར་དེང་གི་ཁྱོ་གས་བཙན་གཡེམ་བཏང་བའི་གནས་ཚུལ་དེར་ངོས་ལེན་མ་བྱས་པར། མི་མང་གཉེན་དོན་ལས་ཁུངས་ཀྱིས་དེ་སྔོན་མོ་ལ་གཉེན་སྒྲིག་དཔང་ཡིག་སྤྲད་པ་དེ་ཁྲིམས་འགལ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

ཉེ་ལམ་སྤུན་མཆེད་གཉིས་ཝུ་ཧྲན་སྤྱི་བདེ་ལས་ཁུངས་སུ་ཕྱིན་ཏེ། ཚུལ་མཐུན་མ་ཡིན་པའི་བྱིས་པ་གཉེན་སྒྲིག་གི་གནད་དོན་སྐོར་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་བྱེད་ཆོག་པའི་རེ་བ་བཏོན་ཡོད་པ་དང་། དེ་རིང་རྒྱལ་སྤྱིའི་བུད་མེད་དུས་ཆེན་དང་བསྟུན་ཏེ། ས་གནས་སྲིད་གཞུང་གིས་ཁོ་མོ་ཚོར་དམ་དྲག་བྱེད་ཀྱིན་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཏུ་བསྒྲགས་ཡོད་པ་རེད།

ཕན་ཧྭས་གསར་འགོད་པར་བརྗོད་དོན། “ཝུ་ཧྲན་ཉེན་རྟོག་ཁང་གིས་ཉེན་རྟོག་པ་བཏང་སྟེ་ཁོ་མོའི་འགྲོ་འདུག་ལ་ལྟ་རྟོག་ནན་མོ་བྱེད་ཀྱིན་འདུག ས་གནས་བུད་མེད་ལས་དོན་ཁང་གི་དཔོན་རིགས་ཚོས་ཀྱང་ང་ཚོ་མགྲོན་ཁང་ཞིག་ཏུ་བཞག་རྗེས། ང་ཚོ་བྲོས་འགྲོ་བར་དོགས་ཏེ་མགྲོན་ཁང་གི་སྒོ་མ་བརྒྱབ་པར་ཕྱི་ལོགས་ནས་ལྟ་རྟོག་བྱེད་ཀྱིན་འདུག ཅིའི་ཕྱིར་ས་གནས་སྲིད་གཞུང་དང་ས་གནས་བུད་མེད་ལས་དོན་ཁང་མཉམ་འབྲེལ་གྱིས་ཁྲིམས་འགལ་ལས་ཀ་དེར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་རེད། ངས་ནི་དྲང་བདེན་མིན་པའི་གནས་ཚུལ་དེར་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག” ཅེས་བརྗོད་འདུག

ཕན་ཡཱན་གྱིས་ད་དུང་ཁོ་མོ་སྤུན་མཆེད་གསུམ་གྱི་ལག་འཁྱེར་ཁ་པར་ལའང་ས་གནས་སྲིད་གཞུང་གིས་སྟངས་འཛིན་བྱས་ཡོད་པའི་དོགས་པ་བྱེད་ཀྱིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༡༠

Leave a Reply

2 thoughts on “རྒྱ་ནག་གི་གྲོང་གསེབ་བུ་མོའི་ལས་དབང་།

  1. བསོད་ནམས་རིན་ཆེན།

    དཀའ་སྡུག་འདི་འདྲའི་འོག་ཏུ་དུཿཁ་མནར་བ་ལས་ ཐབས་ལམ་ཐོག་མགྱོགས་པོར་འཁྱུས་ན་དྲག།

  2. གནས་ཚུལ་དི་དག་གིས་རིགས་ནི་འགྲོ་བ་མི་ཞིག་གི་བྱ་སྤྱོད་ཤིག་ནམས་ཡང་དངོས་འཛིན་བྱེད་མི་རུང་།། སྤྱིར་ན་བུ་མེད་ལ་གཉའ་གནོན་བྱས་ན་རང་གིས་རང་གཤིས་དེ་དུ་འགྲོ་དང་གཅིག་མཚུངས་ཡིན།།