རྒྱ་ནག་དང་ཨ་རིས་མཐུན་པོ་བྱེད་ཨཱ།

རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེ་དང་ཨ་རིའི་ཕྱི་སྲིད་བློན་ཆེན་ཊེ་ལིར་སོན་གཉིས་འཇར་མན་ནང་ཐུག་སྟེ། ཝང་ཡེས་ཊེ་ལིར་སོན་ལ་པེ་ཅིན་གཞུང་གིས་ཊི་རུམ་ཕི་གཞུང་དང་ལྷན་དུ་མཉམ་ལས་བྱེད་པར་གྲ་སྒྲིག་ཡོད་ཅེས་བརྗོད་འདུག

ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་པ་སངས་ཉིན་ཝང་ཡེ་དང་ཊེ་ལིར་སོན་གཉིས་འཇར་མན་གྲོང་ཁྱེར་བྷོན་(Bonn)ནང་འཚོགས་བཞིན་པའི་འཛམ་གླིང་སྟབས་ཆེན་རྒྱལ་ཁབ་ ༢༠ ཚོགས་ཆེན་གྱི་ཟུར་དུ་ཐུག་འཕྲད་བྱས་ཡོད་པ་དང་། དེ་ནི་ཊི་རུམ་ཕི་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་རྗེས། གཤམ་འོག་གི་ཆེས་མཐོའི་དཔོན་རིགས་བར་གྱི་ཐུག་འཕྲད་ཐེངས་དང་པོ་དེ་ཆགས་ཡོད་འདུག

སྲིད་འཛིན་ཊི་རུམ་ཕིས་དེ་སྔོན་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་མེད་ཅེས་བཤད་པ་དེས་པེ་ཅིན་གཞུང་ལ་དོ་ཕོག་བཟོས་ཡོད་ཀྱང་། བདུན་ཕྲག་སྔོན་མར་ཁོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཁ་བར་བཏང་སྟེ་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་ཡོད་ལུགས་བཤད་ཡོད། རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཐེངས་འདིར་ཝང་ཡེས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་ཡོད་མེད་ཀྱི་རྩོད་རྙོད་དེའི་ཐད་རྒྱལ་སྤྱིའི་རྩོད་རྙོག་དང་རྒྱལ་ཁབ་ཕན་ཚུན་གྱི་ལས་དོན་མཉམ་ལས་ཡོང་ཐབས་སུ་ཕྱོགས་གཉིས་བར་དགོས་ངེས་ཀྱི་འབྲེལ་ལམ་འཛུགས་དགོས་པའི་བསམ་ཚུལ་བཏོན་ཡོད་ཚུལ་བཀོད་འདུག

ཝང་ཡེས་བརྗོད་རྒྱུར“རྒྱལ་སྤྱིའི་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འོས་འགན་དེ་ཨ་རྒྱ་གཉིས་ཀྱི་ཕྲག་ལ་བབ་ཡོད་སྟབས། ཕྱོགས་གཉིས་ནས་རྒྱལ་ཁོངས་རྩོད་གླེང་མི་བྱེད་པར་ཐུན་མོང་གི་ཁེ་ལས་བསྒྲུབ་དགོས་པ་དང་། སྲིད་འཛིན་ཊི་རུམ་ཕི་དང་ཞི་ཅིན་ཕིན་གཉིས་ཀྱིས་ཁ་པར་ལས་གྲོས་མོལ་བྱུང་བ་བརྒྱུད་དེ། རྒྱ་ནག་ཕྱོགས་ནས་ཨ་རི་དང་ལྷན་དུ་མཉམ་ལས་བྱ་རྒྱུར་གྲ་སྒྲིག་བྱས་ཡོད་ལ། མ་འོངས་པར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་བཏང་སྟེ་རྩོད་གླེང་མེད་པར་ཐུན་མོང་གི་ཁེ་ལས་བསྒྲུབ་ཆེད། ཕན་ཚུན་ལ་བརྩི་བཀུར་དང་དོན་ཕན་ལྡན་པའི་མཉམ་ལས་བྱ་རྒྱུར་ཡང་གྲ་སྒྲིག་བྱས་ཡོད། ཊི་རུམ་ཕིའི་སྲིད་འཛིན་ལས་ཡུན་རིང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཡོང་བར། སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་བར་མཉམ་ལས་དང་འབྲེལ་མོལ་ཇེ་མང་ལ་གཏང་དགོས” ཞེས་བཤད་འདུག

རྒྱ་ནག་གཅིག་གི་སྲིད་ཇུས་ཞེས་པའི་གྲོས་ཆོད་དེའི་ནང་། ཨ་རིའི་གཞུང་གིས་ཐའེ་ཝན་མཚོ་འགག་ནི་རྒྱ་ནག་སྐམ་ས་ཆེན་མོ་དང་ཁ་འབྲལ་ཐབས་མེད་པར་ངོས་ལེན་བྱས་ཡོད་འདུག

ན་ནིང་ཕྱི་ཟླ་ ༡༡ པའི་ནང་ཊི་རུམ་ཕིར་ཨ་རིའི་སྲིད་འཛིན་རྒྱལ་ཁ་ཐོབ་པ་དང་། ཁོས་ཐའེ་ཝན་སྲིད་འཛིན་གྱི་ཁ་པར་བླངས་པ་དེས་པེ་ཅིན་གཞུང་ལ་དོ་ཕོག་ཆེན་པོ་བཟོས་ཡོད་པ་དང་། པེ་ཅིན་ཕྱོགས་ནས་གནས་ཚུལ་དེ་ནི་ཨ་རིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱེད་ཀྱི་མེད་པ་ཞིག་ལ་ངོས་འཛིན་བྱས་ཡོད།

དེ་སྔོན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཚོགས་ཆེན་ཟུར་དུ། ཨ་རིའི་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་བྱ་ཐུབ་མིན་ཐེ་ཚོམ་བྱས་ཡོད་ནའང་ཊི་རུམ་ཕིས་ཞི་ཅིན་ཕིན་ལ་ཁ་བར་བཏང་རྗེས། ཕྱོགས་གཉིས་ནས་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད་བྱ་རྒྱུའི་སྐོར་གསལ་བསྒྲགས་བྱས་ཡོད་འདུག

༡༩༤༩ ལོར་རྒྱ་ནག་གི་སྲིད་འཛིན་དང་པོ་མའོ་ཙི་ཏུང་གི་མགོ་ཁྲིད་འོག གུང་ཁྲན་ཏང་གིས་གོ་མན་ཏང་ཕམ་ཉེས་བཟོས་ཏེ་གོ་མན་ཏང་ཐའེ་ཝན་མཚོ་འགག་ལ་བྲོས་བྱོས་བྱས་པ་ནས་ད་བར། ཐའེ་ཝན་མཚོ་འགག་གིས་རང་སྲིད་རང་སྐྱོང་བྱས་ཡོད།

ན་ནིང་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་ཊི་རུམ་ཕིས་རྒྱ་ནག་གིས་ཨ་རིའི་ལས་གནས་རྐུ་འཕྲོག་བྱས་ཏེ་ཨ་རིའི་དཔལ་འབྱོར་ཉམས་རྒུད་བཟོས་སྟབས། ཁོས་མ་འོངས་པར་རྒྱ་ནག་གི་ཚུལ་མིན་ཚོང་འབྲེལ་ལ་འགྱུར་བ་གཏང་རྒྱུ་ཁག་ཐག་བྱས་ཡོད།

ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཐེངས་འདིར་ཕྱོགས་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད་སྐབས། རྒྱལ་ཁབ་ཕན་ཚུན་བར་མ་འོངས་ཉོ་འཚོང་དང་དཔལ་འབྱོར་འཛུགས་སྐྲུན་བཅས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་ཚུལ་བརྗོད་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གསལ་བསྒྲགས་ནང་། ཊེ་ལིར་སོན་གྱིས་པེ་ཅིན་གཞུང་ཕྱོགས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་གསར་བཟོ་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་བཞིན་པར་སྟངས་འཛིན་བྱེད་དགོས་སྐོར་ཝང་ཡེ་ལ་བརྗོད་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply