རྒྱ་ནག་ནང་གི་ཆོས་ལུཊ་རང་དབང་གི་གནས་བབ་ཇེ་སྡུག་ཏུ་འགྲོ་ཡི་འདུག

ཕྱི་ལོ་ ༢༠༡༧ ལོའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་བཙན་གནོན་སྐོར་གྱི་རྟོག་ཞིབ་སྙན་ཐོའི་ནང་རྒྱ་ནག་དང་བྱང་ཀོ་རི་ཡ། དབྱི་རག འབར་མ་སོགས་རྒྱལ་ཁབ་ཁག་ ༡༠ དམིགས་བསལ་དོ་ཁུར་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་གནང་འདུག

ཁ་སང་ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཚོགས་(USCIRF)ཀྱིས་འདི་ལོའི་ཆོས་ལུགས་རང་དབང་སྐོར་གྱི་རྟོག་ཞིབ་སྙན་ཐོ་བཏོན་ཏེ། ལྷན་ཚོགས་ཀྱི་ཚོགས་གཙོ་ཐོ་མཱ་སི་རི་སི་ཨེ་སི་ཇེ་(Thomas Reese, S.J)ལགས་ནས་འཛམ་གླིང་གི་ཆོས་ལུགས་རང་དབང་བཙན་གནོན་གྱི་གནས་སྟངས་སྔར་ལོ་ལས་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་བརྗོད་འདུག་ལ། ད་ལོ་ཡང་རྒྱ་ནག་ཆོས་ལུགས་རང་དབང་བཙན་གནོན་ཐད་དམིགས་བསལ་དོ་ཁུར་དགོས་པའི་རྒྱལ་ཁབ་བཅུ་ཡི་ཁོངས་སུ་ཚུད་ཡོད་པ་མ་ཟད། རྒྱ་ནག་ནང་གསང་རྒྱ་དམ་པོས་ལྐོག་ཚོང་བྱེད་བཞིན་པའི་མིའི་དབང་པོ་རྣམས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ནི་བཙོན་འོག་ཏུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་སོགས་ཡིན་སྐོར་བརྗོད་འདུག

ཐེངས་འདིའི་སྙན་ཐོའི་ནང་རྒྱ་ནག་གི་ཆོས་ལུགས་རང་དབང་སྐོར་གྱི་གླེང་གཞིའི་ནང་། ཞི་ཅིན་ཕིན་གྱི་སྲིད་དབང་ཇེ་བརྟན་དུ་གྱུར་བ་དང་བསྟུན་ཆོས་ལུགས་དད་མོས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་སྒྲིག་འཛུགས་ལ་འཇིགས་སྣང་སློང་བའི་མི་སུ་ཡིན་ནའང་ཕར་རྒོལ་གྱི་དམིགས་འབེན་དུ་འཛིན་གྱི་ཡོད་ལ། ཆོས་ལུགས་དད་ལྡན་པ་དང་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ། དེ་བཞིན་མང་ཁྲོད་ཚོགས་སྡེ་ཁག་ནི་ཕར་རྒོལ་གྱི་དམིགས་འབེན་ནང་ཚུད་ཡོད་སྐོར་བརྗོད་འདུག

སྙན་ཐོའི་བོད་སྐོར་གྱི་ཚན་པའི་ནང་དུ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༠ ནང་ནས་ད་ལྟའི་བར་ཉུང་མཐར་བོད་དོན་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ ༡༣ བཏོན་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་གཉིས་པ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༦ ནས་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ཏེ་ལོ་ངོ་ ༢༠ ལྷག་འགྲོ་བཞིན་ཡོད་པ་དང་། ༧གོང་ས་མཆོག་ཁ་བྲལ་རིང་ལུགས་པ་ཡིན་པའི་སྐྱོན་བརྗོད་ཞུས་བ་དང་སྦྲགས། ཁོང་གི་ཡང་སྲིད་ཕེབས་ཕྱོགས་ལ་ཇུས་གཏོགས་བྱེད་ཀྱི་ཡོད་སྐོར་དང་།  གཞན་ཡང་། འདས་ལོར་རྒྱ་གཞུང་གིས་མཁན་པོ་དཀར་ཚེ་སོགས་བོད་ཀྱི་བཙོན་པ་ཁག་ཅིག་ཀློད་གྲོལ་བཏང་ཡོད་ཀྱང་། བོད་སྐད་ཡིག་གི་ཐོབ་ཐང་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་སོགས་བོད་རིགས་ཁག་ཅིག་མུ་མཐུད་བཀག་ཉར་འོག་ལྷག་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་དུ་ཉུང་མཐར་བོད་མི་ ༡༤༧ གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་སོགས་བཀོད་འདུག

ཡང་སྙན་ཐོའི་ནང་།  ཕྱི་ལོ་ ༢༠༡༦ ཟླ་ ༧ ནས་བཟུང་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་འཛུགས་སྐྲུན་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་གྲྭ་བཙུན་སྟོང་ཕྲག་མང་པོ་བཙན་གྱིས་ཕྱིར་ཕུད་བཏང་ཡོད་པ་དང་། ཚོད་རྩིས་བྱས་ན་འཛམ་གླིང་གི་ཡུལ་ལུང་གང་ས་ནས་ཕེབས་པའི་གྲྭ་བཙུན་ཁྲི་གཅིག་ནས་གཉིས་ཙམ་ཡོད་པའི་བླ་རུང་སྒར་གྱི་གྲྭ་བཙུན་གྲངས་འབོར་དེ་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ ༥༠༠༠ ལས་མ་བརྒལ་བ་བཟོ་ཡི་ཡོད་པ་དང་།  ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ལ་བཙན་གྱིས་ཡང་བསྐྱར་ཕྱིར་མི་ལོག་པའི་ཁས་ལེན་དམ་བཅའ་འཇོག་ཏུ་བཅུག་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་སློབ་གསོ་སྤེལ་ཏེ་ཆོས་ལུགས་བྱེད་སྒོ་ཁག་ལ་སྔར་ལས་སྟངས་འཛིན་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། དགོན་པའི་ནང་ཡོད་པའི་སྲིད་གཞུང་གི་མི་སྣ་མང་ཆེ་བ་རྒྱ་རིགས་ཡིན་སྐོར་སོགས་བཀོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ ལོར་ཡུ་གུར་ཁ་ཆེ་བ་དང་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ། ཡེ་ཤུ་ཆོས་པ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་བཅས་ལ་མུ་མཐུད་བཙན་གནོན་བྱེད་བཞིན་ཡོད་པ་དང་། དེའི་ནང་ནས་ཀྱང་ཕྱི་ལོ་ ༡༩༩༩ ནས་བཟུང་རྒྱ་ནག་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་བྱས་ཏེ། ངལ་རྩོལ་བསྒྱུར་བཀོད་ཁང་དང་ཡང་ན་བཙོན་ཁང་དུ་བཅུག་སྟེ་མནར་གཅོད་བཏང་བ་དང་། མི་མང་པོ་གར་སོང་ཅི་བྱུང་མེད་པར་གྱུར་ཡོད་ལ། བཀག་ཉར་སྐབས་གསོ་རིག་ཞིབ་འཇུག་གི་ཚོད་ལྟ་སྣ་ཚོགས་ལག་བསྟར་བྱས་པ་མ་ཟད། བཙོན་པའི་དབང་པོ་བཙན་གྱིས་བཀོག་སྟེ་ལྐོག་ཚོང་བྱས་ཡོད་པ་དང་། འདས་ལོར་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གི་དབང་པོ་བརྗེ་སྤོར་སྐོར་ལ་རྒྱལ་སྤྱིའི་མཉམ་འབྲེལ་མཐུན་ཚོགས་ནས་སྙན་ཐོ་གསར་པ་ཞིག་བཏོན་པ་དེའི་ནང་། རྒྱ་ནག་གིས་ལོ་ལྟར་དབང་པོ་བརྗེ་སྤོར་གྱི་གཤག་བཅོས་ཐེངས་ཁྲི་ ༦ ནས་ ༡༠ བར་བྱེད་ཀྱི་ཡོད་པ་དང་། དབང་པོ་དེ་དག་ཡུ་གུར་ཁ་ཆེ་བ་དང་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ། དེ་བཞིན་ཡེ་ཤུ་ཆོས་ལུགས་པ་ཡིན་པ་བརྗོད་ཡོད། ཡིན་ནའང་། རྒྱ་ནག་གཞུང་ཕྱོགས་ནས་དབང་པོ་བརྗེ་སྤོར་གྱི་གྲངས་འབོར་ལོ་རེར་ཁྲི་གཅིག་ལས་བརྒལ་གྱི་མེད་སྐོར་བསྒྲགས་ཡོད་སྐོར་བཅས་བཀོད་འདུག

རྒྱལ་སྤྱིའི་ཐོག་ཆོས་ལུགས་རང་དབང་བཙན་གནོན་ཐད་དམིགས་བསལ་དོ་ཁུར་དགོས་པའི་རྒྱལ་ཁབ་ཁག་ནི་རྒྱ་ནག་དང་བྱང་ཀོ་རི་ཡ། དབྱི་རག འབར་མ་སོགས་རྒྱལ་ཁབ་བཅུ་ཡོད་པ་དང་། ཕྱི་ལོ་ ༡༩༩༩ ནས་བཟུང་ཨ་རིའི་གཞུང་ནས་རྒྱ་ནག་ནི་ཆོས་ལུགས་རང་དབང་ཐད་དམིགས་བསལ་དོ་ཁུར་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་གནང་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

 

བསྐྱར་བཅོས།: ༢༠༡༧/༠༤/༢༧

Leave a Reply