རྒྱ་ནག་ལ་གང་འདོད་ལྷོ་རྒྱུད་མཚོ་ཁུལ་བཙན་འཛུལ་བྱེད་འཇུག་གི་མིན།

ཁ་སང་ཨ་རིའི་སྲིད་འཛིན་གསར་བ་ཊི་རུམ་ཕིའི་གཞུང་གིས། ཨ་རིས་ལྷོ་རྒྱུད་མཚོ་ཁུལ་གྱི་རྒྱལ་སྤྱིའི་དམའ་ཁོངས་ཁག་ཏུ་རྒྱ་ནག་ལ་གང་བྱུང་བཙན་འཛུལ་བྱེད་དུ་འཇུག་རྒྱུ་མིན་སྐོར་བརྗོད་ཡོད་པ་དང་། དེ་ལ་རྒྱ་ནག་གཞུང་གིས་ཝ་ཤིན་ཊོན་གྱིས་རྒྱ་ནག་གི་ལྷོ་ཤར་མཚོ་ཁུལ་ཏུ་དམག་འཁྲུག་སློང་གི་ཡོད་ཚུལ་ལན་འདེབས་བྱས་འདུག

times

ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སི་ཕེ་སིར་ (Spicer) གྱིས། ཨ་རིའི་གཞུང་གིས་ཨ་རིའི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་ཡིན་ལ། གལ་ཏེ་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དེ་རྒྱལ་སྤྱི་ཐུན་མོང་གི་མཚོ་ཁུལ་ཞིག་ཡིན་པ་དང་། རྒྱ་ནག་གཅིག་པུའི་མངའ་ཁོངས་མིན་སྟབས། ཨ་རིས་རྒྱལ་སྤྱིའི་མཚོ་ཁུལ་དེ་རྒྱལ་ཁབ་གཅིག་ལ་བཙན་བཟུང་བྱེད་དུ་མི་འཇུག་པར་སྲུང་སྐྱོབ་བྱེད་རྒྱུ་ཡིན། ཞེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་མིང་འདོན་བྱས་པའི་ཨ་རིའི་རྒྱལ་དོན་དྲུང་ཆེའི་འོས་མི་ཊེལ་ལིར་སོན་ (Tillerson) ལགས་ཀྱིས། ང་ཚོར་རྒྱ་ནག་གཞུང་ལ་བརྡ་ལེན་གཉིས་སྤྲོད་རྒྱུ་ཡོད་པའི་དང་པོ། རྒྱ་ནག་གཞུང་གིས་ལྷོ་རྒྱུད་མཚོ་ཁུལ་གྱི་གླིང་ཕྲན་ཁག་འཛུགས་སྐྲུན་བྱེད་བཞིན་པ་མཚམས་འཇོག་དགོས། གཉིས་པ། ང་ཚོས་རྒྱ་ནག་ལ་ལྷོ་རྒྱུད་མཚོ་ཁུལ་ཁག་ཏུ་བཙན་འཛུལ་བྱེད་དུ་འཇུག་རྒྱུ་མིན། ཞེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་དཔལ་འབྱོར་ཚན་པའི་སྤྱི་ཁྱབ་འགན་འཛིན་ཀྲང་ཅུན་ (Zhang Jun) གྱིས། སིད་སུར་ཚོགས་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་གསར་འགོད་པར། རྒྱ་ནག་གིས་རྒྱལ་སྤྱིར་མགོ་འཁྲིད་བྱེད་པའི་གོ་སྐབས་འཚོལ་གྱི་མེད། གལ་ཏེ་རྒྱ་ནག་གིས་རྒྱལ་སྤྱིར་མགོ་འཁྲིད་བྱེད་འདོད་འདུག་ཟེར་ན། ངས་ཁྱེད་ཚོར་བཤད་རྒྱུར། རྒྱ་ནག་རྒྱལ་སྤྱིའི་ཆབ་སྲིད་གར་སྟེགས་གྱི་མདུན་དུ་ཧོལ་རྒྱུག་བྱེད་ཀྱིན་མེད་པར། དེ་ལས་ལྡོག་སྟེ་མདུན་དུ་ཧོལ་རྒྱུག་བྱེད་མཁན་རྒྱལ་ཁབ་ཁག་ཕྱིར་ནུར་བྱས་ཏེ། མདུན་གྱི་རྒྱལ་སྤྱིའི་ཆབ་སྲིད་གར་སྟེགས་དེ་བསམ་བཞིན་དུ་རྒྱ་ནག་ལ་བཞག་པ་རེད། གལ་ཏེ་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་གིས་རྒྱལ་སྤྱིར་མགོ་འཁྲིད་བྱེད་པར་རེ་འདུན་བཏོན་པ་ཡིན་ན་ནི། རྒྱ་ནག་གིས་རྒྱལ་སྤྱིའི་མགོ་འཁྲིད་གྱི་འགན་དེ་འཁུར་ངེས་ཡིན་ཞེས་བརྗོད་ཡོད།

ད་དུང་མུ་མཐུད་དེ། རྒྱ་ནག་ནི་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ཅན་ཨང་གཉིས་པ་ཆགས་ཡོད་སྟབས། འབྲེལ་ཡོད་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་རྒྱ་ནག་ལ་བརྟེན་ཡོད་པ་དང་། ང་ཚོས་ཨ་རི་དང་ནུབ་གླིང་གི་དཔལ་འབྱོར་འདུ་འགོད་ཀྱིས། འཛམ་གླིང་དཔལ་འབྱོར་བསྐྱར་གསོ་བྱེད་པར་མཐུན་འགྱུར་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། སྐུ་ཞབས་ཊི་རུམ་ཕི་ཡིས་མ་འོངས་པར་ཨ་རིའི་དཔལ་འབྱོར་འདུ་འགོད་བརྒྱ་ཆ་ ༤ ཡིས་འཕར་སྲིད་སྐོར་བརྗོད་འདུག དེ་ལ་ང་ཚོ་ཧ་ཅང་དགའ་བོ་བྱུང་མོད། གལ་ཏེ་ཊི་རུམ་ཕི་ཡིས་ཁེ་ཚོང་གི་འགྲན་རྩོད་བསླང་བ་ཡིན་ན། དེས་ཨ་རིའི་དཔལ་འབྱོར་གོང་འཕེལ་གྱི་དམིགས་འབེན་འགྲུབ་མི་སྲིད། རྒྱལ་ཁབ་ཕན་ཚུན་བར་དངུལ་གྱི་འཛའ་ཐང་འཕར་གཅོག་གི་འགྲན་རྩོད་དང་དཔལ་འབྱོར་འདུ་གོད་ཀྱི་འགྲན་རྩོད་སློང་བ་དེས། འཛམ་གླིང་རྒྱལ་ཁབ་སུ་གང་ལ་ཕན་ཐོགས་མེད། ཅེས་སོགས་བཤད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply