རྒྱ་རི་སྒྲོལ་མ། “ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན”

ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན་ཟེར།

དེ་རིང་སྔ་དྲོ་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་མོ་རང་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་། སྐབས་དེར་ཁོང་མོས་གསུངས་དོན། ཚང་མས་མཁྱེན་གསལ་ལྟར། ད་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་འཐུས་སྐབས་བཅོ་ལྔ་བ་དང་། བཀའ་བློན་ཁྲི་པ་སྐབས་བཅུ་བཞི་བའི་སྐོར་ལ་ལས་རིམ་ཞིག་འགྲོ་བསྡད་ཡོད་པ་རེད། དུས་ཚོད་འདི་དང་བསྟུན་ཏེ། ངས་ང་རང་སྒེར་གྱི་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདོད་བྱུང་སོང་། ཕྱི་ལོ་ ༡༩༩༡ ལོར་ང་རང་ཐོག་མར་བོད་མི་མང་སྤྱི་འཐུས་ནང་འོས་འདེམས་བྱས་ཏེ། སྐབས་བཅུ་གཅིག་པ་ནས་ད་བར་བསྟུད་མུར་ཐེངས་བཞིོའི་རིང་སྤྱི་འཐུས་ལྷན་ཚོགས་ནང་འགན་འཁུར་མུས་རེད། འོན་ཀྱང་སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མིའི་ནང་མི་འདུག་རྒྱུའི་ཐག་གཅོད་བྱས་ཚར་བ་ཡིན། ང་སྤྱི་འཐུས་ནང་ཡོང་ཁུངས་དེ་མདོ་སྟོད་ཆགས་ཡོད་སྟབས། ལོ་ངོ་ ༢༠ ཉེ་བའི་རིང་ང་མི་མང་གི་འཐུས་མི་བྱས་ཏེ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། ཡོང་ཁུངས་ག་འདྲ་ཞིག་ཡིན་རུང་། སྤྱི་འཐུས་ལྷན་ཚོགས་སུ་དམ་བཅའ་ཕུལ་བའི་རྗེས་ལ་སྤྱི་མི་ཞིག་གི་ངོས་ནས་ཕྱག་ལས་གནང་བསྡད་ཡོད། ལྷག་པར་དུ་ང་རང་ལ་མཚོན་ན་ཚོགས་གཙོ་གཞོན་པའི་ལས་ཀ་ལོ་བརྒྱད་བྱས་པའི་རིང་ལ། སྤྱི་མི་ཞིག་གི་ཐད་ནས་ལྷག་བསམ་བརྟན་པོའི་ཐོག་ནས་ཞབས་ཞུ་བསྒྲུབས་པ་ཡིན།

 

ད་ཆར་ང་རང་གིས་བསམ་བློ་མང་པོ་ཞིག་བཏང་སྟེ། སོ་སོར་མཚོན་ན། ༧གོང་ས་མཆོག་གི་དབུ་ཁྲིད་བཟང་པོའི་འོག བཙན་བྱོལ་དམངས་གཙོའི་སྒྲོམ་གཞི་ཞིག་གི་ནང་སྐྱེས་པ་རེད། རྒྱ་ནག་གིས་ཐད་ཀར་མནར་གཅོད་གཏོང་སར་སླེབས་ཡོད་པ་མ་རེད། འོན་ཀྱང་སློབ་གྲྭ་རིམ་པའི་སྐབས་དང་། ཚོགས་པ་སྒྲིག་འཛུགས་ཁག་ནང་ལས་ཀ་བྱས་སྐབས་གང་འདྲ་ཞིག་ཡིན་རུང་། རང་ཉིད་བུད་མེད་ཅིག་ཡིན་པའི་ངོས་ནས་ཐོབ་ཐང་ཐད་ཀར་དགོས་ཀྱི་འདུག་ཟེར་མ་མྱོང་ལ། བུད་མེད་ཅིག་ཡིན་པར་ཐུབ་ཚོད་གཏོང་མཁན་ཡང་བྱུང་མ་མྱོང་། འོན་ཀྱང་། རང་བཞིན་གྱིས་རང་ཉིད་བུད་མེད་ཅིག་ཡིན་སྟབས་མདུན་དུ་འཐོན་རྒྱུར་དཀའ་ངལ་ཕྲན་བུ་ཡོད་པ་འདྲ། ད་བར་མདུན་དུ་བུད་དེ་གསལ་བསྒྲགས་བྱ་མ་ཐུབ་པ་ཡང་གནས་སྟངས་དེའི་དབང་གིས་བྱུང་བ་རེད་བསམ་ཡོད། བཅའ་ཁྲིམས་རིན་པོ་ཆེ་དང་། ལྷག་པར་དུ་༧གོང་ས་མཆོག་གི་ལམ་སྟོན་བཟང་པོའི་འོག་ཕོ་མོ་འདྲ་མཉམ་ཡོད། གོ་སྐབས་དེ་ལེན་པའི་ཆེད་དུ་བུད་མེད་མདུན་དུ་འཐོན་དགོས་པ་གལ་ཆེན་པོ་རེད། ང་རང་ལོ་ ༡༤ ཙམ་ནས་འཐབ་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་འཚར་ལོངས་བྱུང་བ་རེད། གལ་སྲིད་ང་བུད་མེད་ཅིག་མིན་ན། ཐག་གཅོད་དེ་དུས་ཚོད་འདིའི་སྔོན་ལ་བྱས་ཐུབ་ཡོད་རྒྱུ་རེད་དྲན་ཡོད། བཀའ་བློན་ཁྲི་པའི་འགན་འཁུར་དེ་བོད་མིའི་ལྷ་དང་ཆོས་སྐྱོང་སྲུང་མ་གཙོས་པའི་བོད་མི་དམངས་ཀྱིས་ང་ལ་གོ་སྐབས་གནང་བ་ཡིན་ན། ལས་འགན་དེ་ང་རང་ལ་འཁུར་རྒྱུའི་འདོད་པ་ཡོད། སེམས་ཤུགས་ཡོད་ཅེས་ངས་དེ་རིང་གསལ་བསྒྲགས་ཞུ་རྒྱུའི་སྙིང་དོན་ཡིན། ཞེས་གསུངས་སོང་།

 

དེའི་རྗེས་དྲི་བ་དྲིས་ལན་མགོ་འཛུགས་བྱས་ཡོད་ཅིང་། གསར་འགོད་པས་ཁོང་མོར། ཁྱེད་རང་བཀའ་བློན་ཁྲི་པར་བཞེངས་འདོད་ཚེ་དམིགས་བསལ་གྱི་ཕྱག་ལས་གང་འདྲ་གནང་འཆར་ཡོད་མེད་དྲིས་པར་ཁོང་མོས། ད་ལྟའི་གཞུང་གི་སྲིད་བྱུས་ལ་བཀའ་ཁྲི་གསར་པ་ཕེབས་ཀྱང་འགྱུར་བ་འགྲོ་རྒྱུ་མིན་པ་གསལ་བོ་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་བཞུགས་ཏེ་ལོ་བཅུ་འགྲོ་བཞིན་ཡོད། ཁོང་བཀའ་ཁྲིར་མ་ཕེབས་གོང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཏེ་གཏན་འབེབས་བྱས་ཡོད། ༢༠༠༢ ལོར་བོད་རྒྱའི་འབྲེལ་ལམ་སླར་གསོ་བྱུང་བ་རེད། དེ་བཞིན་བཙན་བྱོལ་གཞུང་གི་དགོས་འདུན་ཡིག་ཐོག་ལ་ཕབ་པ་དང་། དེ་ལ་འགྲེལ་བརྗོད་བཅས་ཡིག་ཐོག་ནས་རྒྱ་ནག་ལ་སྤྲོད་ཐུབ་པ་དེ་བཟང་ཕྱོགས་ཤིག་རེད། སྲིད་བྱུས་གཞན་གང་ལའང་འགྱུར་བ་ཕྱིན་ཡོད་པ་མ་རེད། ང་ལ་མཚོན་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་སྤྱི་འཐུས་ལྷན་ཚོགས་ནང་གཏན་འབེབས་མ་བྱས་གོང་ནས་དམ་བཅའ་ཕུལ་ཏེ་གྲོས་ཚོགས་ནང་ཡོད་མཁན་ཞིག་ཡིན། དེ་བཞིན་སྲིད་བྱུས་དེ་གྲོས་ཚོགས་ནང་དངོས་སུ་གཏན་འབེབས་བྱེད་སྐབས་ཀྱང་མགོ་རྔ་ཚང་མར་འབྲེལ་བ་ཡོད་མཁན་ཞིག་ཡིན། ང་རང་གི་བསམ་པར་ཆབ་སྲིད་ཀྱི་སྲིད་བྱུས་གང་འདྲ་ཞིག་ཡིན་རུང་། དུས་དང་དགོས་མཁོར་བསྟུན་ཏེ། འགྱུར་བ་འགྲོ་དགོས་པ་ཞིག་རེད་ལ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་འགྱུར་བ་འགྲོ་མི་སྲིད་པ་མ་རེད། འོན་ཀྱང་ད་ལྟའི་ཆར་ང་ལ་དབུ་མའི་ལམ་དང་གཞུང་གི་སྲིད་བྱུས་འདིའི་ཐོག་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་ནས་ཞུ་རྒྱུ་མེད་ཀྱང་། བཀའ་བློན་ཁྲི་པའི་འགན་འཁུར་མཁན་གྱི་གང་ཟག་ལ་འགྱུར་བ་ཕྱིན་ན། སྲིད་བྱུས་ལ་འགྱུར་བ་མེད་ཀྱང་ཕྱག་ལས་གནང་སྟངས་མང་པོ་ཞིག་ལ་རང་བཞིན་གྱིས་འགྱུར་བ་འགྲོ་གི་རེད། ཅེས་གསུངས་སོང་།

 

གལ་སྲིད་སྐུ་ཉིད་ལ་བཀའ་བློན་ཁྲི་པའི་འོས་ཤོག་ཐོབ་ཚེ་ལས་དོན་གང་དག་ལ་ནུས་པ་ཐོན་རྒྱུ་རེད་དྲན་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་མོས། སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་བཟོའི་ལས་འགན་དེ་ཕྱོགས་གཅིག་རེད། དེ་བས་གལ་ཆེ་བ་དེ་རྟོག་ཞིབ་རེད། ང་ལ་མཚོན་ན་ལོ་བཅུ་དགུ་ལྷག་རིང་གཞུང་གི་ཕྱག་ལས་གནང་ཕྱོགས་དང་ས་གནས་ཁག་གི་གནས་སྟངས་ལ་རྟོག་ཞིབ་བྱས་པ་རེད། རང་ཉིད་ཀྱིས་ནུས་པ་འདོན་ཐུབ་ས་རེད་བསམ་ས་མང་པོ་ཞིག་འདུག བཀའ་ཁྲི་གསར་པ་སླེབས་པ་ཙམ་གྱིས་གཞུང་གི་སྔར་ཡོད་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་གི་མ་རེད་དེ། སྲིད་བྱུས་གསར་པ་ཡོང་ཆོག་གི་རེད། དཔེ་མཚོན་ཙམ་ཞུས་ན། ཐོག་མ་བོད་ནས་རྒྱ་གར་ནང་འབྱོར་བ་ཚོར་རྒྱ་གར་གཞུང་གིས་གཞིས་ཆགས་གནང་ཡོད་པ་རེད། འོན་ཀྱང་རྗེས་སུ་བོད་ནས་འབྱོར་རིགས་ལ་བོད་གཞུང་གིས་གཟིགས་རྟོགས་གནང་གི་ཡོད་ཀྱང་། གཟིགས་རྟོགས་གནང་སྟངས་ཀྱི་སྲིད་བྱུས་ཀྱི་ནང་ལ་འགྱུར་བ་ཁ་ཤས་དགོས་པ་རེད་དྲན་ཡོད། དེ་བཞིན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོ་ཡང་། ཐོག་མ་གཞུང་ངོས་ནས་གཞིས་ཆགས་སུ་བཏང་ཡོད་ཀྱང་། རྗེས་སུ་གནས་སྟངས་འདྲ་མིན་ཐོག་འགྲོ་མཁན་ཚོས་བོད་བསྟན་སྲིད་ལ་ནུས་པ་ཆེན་པོ་འཐོན་བཞིན་ཡོད། འོན་ཀྱང་ཁོང་ཚོ་ལའང་དཀའ་ངལ་གསར་པ་ཞིག་ཡོད་པ་རེད། དེ་བཞིན། གཞིས་ཆགས་སྲ་བརྟན། སིལ་ཚོང་རིགས། བལ་གོས་བཙོང་མཁན་བཅས་ལའང་སྲིད་བྱུས་ཤིག་ངེས་པར་དུ་བཟོ་དགོས་པ་རེད་དྲན་ཡོད། ཤེས་ཡོན་སྲིད་བྱུས་ལ་མཚོན་ན། སློབ་སྦྱོང་ཐོན་མཁན་ཡོངས་ལ་ང་ཚོས་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་དམ། ལྷག་པར་དུ་བོད་ནས་ཡོང་མཁན་ཤེས་ཡོན་ཅན་མང་པོ་ཞིག་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཏེ་ཡོང་བ་རེད། ཁོང་ཚོ་སློབ་གྲྭ་ཁག་ནས་ཐོན་ཏེ་ངྷ་རམ་ས་ལར་ཡོང་སྐབས་གང་ལ་འགྲོ་དགོས་པ་རེད། འདི་དག་ལ་ཞིབ་ཚགས་ཀྱིས་གཟིགས་དགོས་པ་རེད་དྲན་ཡོད་ཟེར།

ཁོང་མོས་མུ་མཐུད་དོན། བཀའ་ཤག་དེ་བཀའ་བློན་ཁྲི་པའི་བཀའ་ཤག་ཡིན་ཡང་། མཉམ་འདུས་ཀྱི་འགན་ཡོད་པའི་བཀའ་ཤག་ཅིག་ངེས་པར་དུ་ཆགས་དགོས་པ་རེད། གལ་སྲིད་ང་བཀའ་བློན་ཁྲི་པར་འོས་བདམས་བྱུང་བ་ཡིན་ན། ངའི་བཀའ་ཤག་ནང་ “ ལགས་སོ” ཞུ་མཁན་ཙམ་མ་ཡིན་པར། མཉམ་རུབ་ཀྱིས་འགན་འཁུར་ཏེ་བགྲོ་གླེང་གི་ཐོག་ནས་ཐག་གཅོད་བྱ་མཁན་ཞིག་ལ་རེ་བ་རྒྱག་གི་ཡོད། ང་ཚོར་ཡོད་པ་དེ་མིའི་ནུས་པ་རེད། མ་འོངས་བོད་ཀྱི་སོན་རྩ་ཟེར་བ་དེ་ཡང་གཙོ་བོ་བོད་ནང་གཞི་རྩར་བཟུང་བའི་ཐོག་ནས་རྒྱ་གར་ནང་གི་སློབ་གྲྭ་ཙམ་མ་ཡིན་པར་དགོན་སྡེ་ཁག་ཀྱང་གལ་ཆེན་པོ་ཆགས་ཡོད། གལ་སྲིད་ང་བཀའ་བློན་ཁྲི་པ་ཆགས་ཚེ་གནད་དོན་འདི་དག་གལ་ཆེན་དུ་རྩི་བཞིན་ཡོད། ཅེས་གསུངས་སོང་།

 

མཐར་ཁོང་མོས་བོད་རང་བཙན་ཐད་སྲིད་བྱུས་གང་འདྲ་འཛིན་འདོད་ཡོད་སྐོར་གསུངས་དོན། ང་ཚོའི་རྩ་དོན་མྱུར་དུ་འགྲུབ་ཐུབ་པའི་ཐད། དབུ་མའི་ལམ་གྱི་སྲིད་བྱུས་ཡོད་པའི་ཐོག་ལ། ང་ཚོ་རང་གིས་ནུས་པ་ཇི་ལྟར་འདོན་དགོས་ཀྱི་འདུག་ཟེར་ན། དབུ་མའི་ལམ་ལ་ཡིད་ཆེས་བྱེད་པ་གཅིག་པུའི་དོན་མ་རེད་བོད་མི་ས་ཡ་དྲུག་གི་ཆེད་རེད། རང་བཙན་བཤད་མཁན་ཡང་མི་གཅིག་དང་ཚོགས་པ་གཅིག་གི་དོན་མ་རེད། ང་ལ་མཚོན་ན་ས་མཚམས་དང་དབྱེ་བ་ཞེ་དྲག་བཀར་རྒྱུའི་འདོད་པ་མེད། ང་ཚོར་ཡོད་བཞིན་པའི་ནུས་པ་མཉམ་སྤུངས་བྱ་རྒྱུ་དེ་ཡིན། གལ་སྲིད་ང་ཚོ་བཙན་བྱོལ་ནང་ཡུན་རིང་ལྷག་དགོས་བྱུང་ན། མ་འོངས་པའི་མི་རབས་ཚོར་མ་རྩ་ཞིག་ལྷག་དགོས་པ་གལ་ཆེན་པོ་རེད། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་། བཙན་བྱོལ་གཞུང་འདི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པ། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ནང་དུའང་སླར་ཡང་འགྲོ་དགོས་དང་མི་དགོས་སོགས་ལ་བསམ་བློ་གཏོང་དགོས་པ་རེད་དྲན་ཡོད། རྒྱ་བལ་འབྲུག་གསུམ་བོད་མི་མང་ཤོས་ཆགས་ཡོད། ང་ཚོ་བཙན་བྱོལ་ནང་ཡུན་རུང་ལྷག་དགོས་བྱུང་ན། གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་ཐབས་ཀྱི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

174 thoughts on “རྒྱ་རི་སྒྲོལ་མ། “ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན”

  1. ཨ་ཅག་སྒྲོལ་མ་ལགས། རྡ་སའི་འཁོར་ཡུག་ན་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་གཏང་དགོས་པའི་འབོད་སྒྲ་ཞིག་སྒྲོག་བཞིན་ཡུན་རིང་ཕྱིན་སོང་བའི་མཐའ་མར། ཕྲན་རང་ཉིད་ཀྱང་བཀའ་ཁྲི་ཞིག་ལང་ན་བསམ་བཞིན་དུ་ཁྱེད་ཅུང་མགྱོགས་བྱུང་བས་ངས་མི་ཟུར་ཐབས་མེད་བྱུང་སོང། ཨ་ལས་སྐུ་རྩེད་ཡིན། བུད་མེད་ཡིནའང་ཆང་རག་དང་ཐ་མའི་བཟི་ཤུགས་རེག་མ་རེག་ལ་ཁྱད་ལོས་ཡོད།
    ཁྱེད་ཀྱིས་མ་འོངས་བཀའ་ཁྲི་གནང་གི་ཡིན་གསུངས་པ་དེར་མི་གཞན་གྱི་ལམ་ཀ་བཀག་པ་ཞིག་དང་རང་ལ་ལས་གནས་གཞན་དག་ཅིག་རེག་འདོད་ཀྱི་ཀུན་སློང་མེད་པའི་རེ་བ་ཡོད།
    ཁྱེད་ཀྱི་སེམས་སུ་དང་ཐོག་ང་བཀའ་ཁྲིར་འཁོད་ཀྱི་མ་རེད་ཀྱང་ག་འདྲ་ཞིག་ཡོང་གི་འདུག མི་ཚོས་ཅི་ཟེར་གྱི་འདུག རང་གི་ཕྱོགས་གཏོགས་ག་ཚད་འདུག དཔུང་ཞིག་སྒྲིག་ན་རང་དང་ལྟ་བ་མི་མཐུན་པ་དེ་ཚོ་རྩ་མེད་གཏང་ཐུབ་ས་ཨེ་འདུག་སོགས་ཀྱི་ཉམས་ཚོད་ཀྱི་ཀུན་རྟོག་ཅིག་མེད་པའི་རེ་བ་ཡོད་ལ། གལ་སྲིད་དེ་ལྟར་མེད་ཚེ། ཁྱེད་ལ་དང་ཐོག་མ་འོངས་ཀྱི་བཀའ་ཁྲིས་ཅི་ཞིག་བྱ་དགོས། ད་ལྟའི་བོད་ཀྱི་གནས་སྟངས་དེ་གང་འདྲ་ཞིག་ལ་སླེབས་འདུག རང་གི་མི་རབས་གསར་པ་ཚོའི་ཤེས་ཡོན་དང་ཆབ་སྲིད་ཀྱི་གོ་རྟོགས། རྒྱ་ནག་གི་དཔོན་རིགས་ཚོས་ཉིན་རེ་ལས་ཉིནརེར་སྡུག་ཏུ་ཕྱིན་པའི་བོད་ལ་བཟུང་བའི་སྲིད་བྱུས། དེ་དང་དེ་འདྲ་བ་ལ་ཐུགས་བསམ་ཞིག་བཞེས་ཡོད་རྒྱུ་རེད།
    མ་འོངས་པའི་བཀའ་ཁྲི་ཁྱེད་ཀྱིས་འདི་དག་ལ་འགྱུར་བ་ཞིག་ངེས་པར་དུ་གཏང་མ་ཐུབ་ན་ད་དུང་མི་ལོ་ལྔ་བཅུ་ནས་བརྒྱ་ཕྲག་མང་པོར་བཙན་བྱོལ་དུ་གྱར་ན་བོད་མི་རིགས་ཀྱི་ཕུག་བསམ་དང་གོམ་གཤིས། རིག་གཞུང་དང་ཆོས་ལུགས་ཀྱི་དད་འདུན་རྣམས་ཆུ་ཁའི་ལྦུ་བ་བཞིན་དུ་རྨིངས་མེད་འགྲོ་བས་བཀའ་ཁྲི་སུས་བྱ་ཡང་ཁྱད་པར་སྤུ་རྩེ་ཙམ་ཞིག་མེད། ཅེས་ཞུ་བཞིན་ཡོད་པས། ཐུགས་བསམ་སྔོན་ལ་བཞེས་ན་སྤྱང་པོ་དང། འགྱོད་པ་རྗེས་ནས་བསྐྱེ་ན་བླུན་པོ་རེད་དོ། །

  2. རྒྱ་རི་སྒྲོལ་མ་ལགས། རྒྱ་རི་ཚང་གི་གཡས་གཡོན་ཇི་ཙམ་ཡོད་ཀྱང་། བོད་མི་མང་གི་བཀའ་ཁྲིར་འཐོབ་རྒྱུའི་རེ་བ་མེད། འོན་ཀྱང་། བཀའ་ཁྲིར་ལངས་པ་དེ་རང་ཁོང་གི་གཟི་བརྗིད་རེད། བཀའ་ཁྲིའི་འགྲན་རྩོད་ནང་བཀྲས་མཐོང་དང་བློ་བཟང་སེང་གེ་གཉིས་ཐག་ཆོད་ཚར་བ་ལྟར་རེད།

    ཁོང་གཉིས་ནས་ཀྱང་དྲ་རྒྱའི་ནང་འོས་བླུག་རྒྱུ་ཡོད་པ་དང་། སློབ་གྲྭ་བ་དང་གཞོན་སྐྱེས་ཚོས་དེབ་སྐྱེལ་བྱེད་ཐུབ་ཡོད་ན། ཕལ་ཆེར་བློ་བཟང་སེང་གེར་གོ་སྐབས་ཤུགས་ཆེ་འདུག དེ་མིན་བཀྲས་མཐོང་རེ་བ་ཆེ།

  3. རྒྱུ་རི་སྒྲོལ་མ་དཔའ་ཁེར་རྒྱུགས་ཀྱིས་བཀའ་ཁྲི་ལངས་ཀྱི་ཡིན་ཟེར་བའི་གསར་འགྱུར་འདི་ལ་བསམ་བློ་ཞིབ་མོར་གཏོང་རྒྱུ་གལ་པོ་ཆགས་ཡོད །

    གཅིག འོས་གྲངས་ཀྱི་འཕེལ་འགྱུར་ལ་གནོད་ཚབ་ཆེན་པོ་ཞིག་ཏུ་གྱུར་ཡོད །

    གཉིས ། ༧་གོང་ས་མཆོག་གིས་བུད་མེད་ཅིག་བཀའ་ཁྲིར་ཕེབས་ན་ཡག་པོ་འདུག་ཅེས་པའི་གསུངས་ཀྱི་ཤུགས་རྐྱེན་ཐེབས་པ་ལ་འགྲོ་ཉེན་ཆེ །
    ཤུགས་རྐྱེན་དེ་ལ་རྒྱ་ནག་གིས་མང་གཙོ་མིན་པས་བསྒྲུབ་བྱེད་གཅིག་བགྲང་གི་ཡོད །
    གསུམ །
    དངོས་གཞིའི་བཀའ་ཁྲི་འོས་འཕེན་གྱི་ད་ཡོད་དེབ་སྐྱེད་བྱས་ཟིན་བརྒྱ་ཆ་༧༥་ཟིན་ཡོད་པ་དེ་དུམ་བུ་གསུམ་བསྒོས་ན་ཧ་ཅང་ཉུང་ཉུང་ཆགས་ཡོད་སྟབས ། ཐ་མའི་བཀའ་ཁྲི་གདམས་ཐོན་གྱི་བཀའ་ཁྲི་དེ་གདམས་མཁན་མི་འབོར་སྟེ་༣༠་ལས་མི་མང་བ་ཞིག་གིས་མང་གཙོའི་སྲིད་འཛིན་བསྒོ་བཞག་བྱས་པ་ཆགས་ཡོད །

  4. ཇོ་རུ་ཚེ་རིང་།

    ཕྱིའི་ལངས་སྟངས་ཀྱི་རྣམ་པའི་ཆ་ནས་ཕྱི་གསལ་ནང་གསལ་གྱིས་ང་ལངས་ཀྱི་ཡིན་ཞེས་ཐོན་པ་དེ་ནི་དགའ་འོས་པ་དང་བསྟོད་པའི་གནས་རེད། ཡིན་ནའང་། སྐུ་དྲག་མི་དྲག་གི་གཡོ་ལས་གཡོ་གྲས་ལ་ཕྱིར་འདང་རེ་བརྒྱབ་ན། དངོས་གནས་སྐྱི་གཡའ་བ་ཞིག་རེད། དོན་དང་མཐུན་པའི་དམངས་གཙོ་ཡར་རྒྱས་ཀྱི་བཀག་རྡོར་གྱུར་བའི་སྔར་སྲོལ་སྐུ་དྲག་མི་དྲག་གི་རྩ་རྒྱུད་ར་ལག་དག་ས་འདྲུད་རྡོ་འདྲུད་ཀྱིས་སྤྱི་ཚོགས་ལ་བརྡབ་གསིག་གཏོང་བའི་ཁ་སྦུབ་ཁོག་ལས་མི་བྱེད་པར་བདེན་པ་དང་རྒྱུ་མཚན་ཕྱར་ཏེ་མི་དམངས་མང་ཚོགས་ཀྱི་མདུན་ལ་འགན་ཁག་ལེན་གྱིས་འབུད་ཐུབ་པ་ཞིག་བྱུང་ན། འོས་ཐོབ་མིན་ལ་མ་བལྟས་པར་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་དང་སྙིང་སྟོབས་ཞིག་ཅི་ལ་མ་ཡིན། ཡིན་ནའང་། ན་ནིང་མི་དམངས་ཀྱི་འཐུས་ཚབ་མཚོན་པའི་གྲོས་ཚོགས་དེ་མི་ཆེན་འགའི་ན་ཟུག་གིས་འཁེགས་སུ་བཅུགས་ཏེ་ཡུད་ཙམ་ཞིག་ལ་བོད་གཞིས་བྱེས་གཉིས་ཀྱི་མི་དམངས་ཡོད་ཚད་འགུལ་མེད་རི་མོའི་གཟུགས་སུ་བཟོས་པ་ལྟར། བཀའ་ཁྲི་ཁྲིའང་སྒེར་བདག་བྱ་འདུན་གྱི་དབྱེན་སྦྱོར་བརྩམས་ན་ཅི་བྱེད་ཨང་། སྐུ་དྲག་མི་དྲག་གི་གྲུབ་རིས་འདི་བོད་ཁ་བ་ཅན་ནས་གཏན་དུ་ཡལ་ནས་མི་སྒེར་གཅིག་རྐྱང་བའི་ཤེས་འཇོན་འགྲན་པའི་དུས་ཤིག་ག་དུས་ཤིག་ལ་ཤར་ཐུབ་རྒྱུ་ཡིན་ནམ།་་་་

  5. གངས་རི་བ་བློ་གཏེར་རིག་མཛོད།

    ཆེས་མཆོག་ཏུ་བཀུར་འོས་བོད་མི་མང་སྤི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་འབྱུང་གྱུར་༢༠༡༡་ལོའི་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པར་དགའ་བསུ་ཡོད་། བཀྲིས་བདེ་ལེགས། ༸གོང་ས་ཡིད་བཞིན་ནོར་བུས་སྐབས་སྔོན་མའི་བཀའ་བློན་ཁྲི་པར་རབ་བྱུང་ན་བུད་མེད་གཅིག་སླེབས་ན་དགོངས་ཡོད་ཚུལ་གྱི་བཀའ་སློབ་འདས་པའི་བོད་གཞུང་མང་ཚོགས་ཆེན་སྐབས་གཙུག་ལག་ཁང་དུ་གསུངས་གནང་ཡོད་པས། རྗེས་ཕྱོགས་བཀུར་འོས་ཚོགས་གཞོན་མཆོག་སྐབས་རྗེས་མའི་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་ཚེ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱར་ངེས་པས་བཀྲིས་བདེ་ལེགས་ཞུ།

  6. གངས་ཁྲོད་ཀྱི་བྱིས་པ།

    སྒོར་མོར་མིག་གཅེར་འདྲེན་པའི་དེང་གསར་སྐུ་དྲག་དང་། །
    གནས་ལུགས་ཚུལ་བཞིན་མི་ཤེས་རུས་རྙིང་སྐུ་དྲག་འགའ། །
    གསར་རྙིང་བརྙས་རྡུང་བྱེད་པས་བྱེས་འབྱོར་བོད་པའི་ཚང་། །
    འུ་ཚང་གཞི་ལུས་བོད་པའི་བདེ་སྡུག་གོད་ཆགས་རེད། །

    ང་འཇོན་གཞན་ཞན་ཁྲག་རླུང་སྟོད་དུ་རྒྱས་པའི་སྐུ་དྲག་རྣམས། །
    དབུལ་ཕོང་དཀྱུས་མའི་ཚུལ་སྟོན་དྲང་བདེན་བོད་བཟང་འགར། །
    མགོ་བོ་གྱེན་དུ་བསྐྱོད་པའི་རང་དབང་སྨྲ་བསྐྱོད་ལས་འཕྲོག་ནས། །
    རང་སྒེར་གཅེས་པའི་བོད་པའི་སྐུ་དྲག་ཨར་ཡུལ་ཕྱོགས་སུ་བྲེལ། །

    རྣམ་དཔྱོད་དང་དྲང་བདེན་ལམ་ལ་བསྐྱོད་པའི་རང་རྒྱལ་གཅེས་པ་ལ། །
    རྒྱལ་བའི་བཀའ་འགལ་ཟེར་ནས་སྨྲ་འཆོལ་གཟེར་མའི་ངན་སྨད་བྱེད། །
    ད་དུང་ལ་རྒྱ་མི་འདུག་ཆོལ་གསུམ་ཡོངས་ལ་འབྲེལ་མེད་དགོས། །
    སྐུ་ངོར་རྣམས་ནས་འདྲེན་གཅིག་སྨྲ་བའི་བོད་མིའི་གོད་ཆགས་རེད།

    གཞི་ལུས་ཆོལ་གསུམ་བོད་མིའི་རྣམས་ཀྱིས་བསླུ་བ་མེད་པའི་སེམས་ངོས་སུ། །
    གཞི་བྱེས་ལྷན་འཛོམས་ཞིག་དང་མ་འོངས་བདེ་སྐྱིད་ལྡན་པར་མིག་གཅེར་འདྲེན། །
    བྱེས་འབྱོར་བོད་པའི་ཚང་ལ་གཞན་བོར་རང་སྒེར་ལམ་ལ་བསྐྱོད་ཆེ་ན། །
    ཆོལ་གསུམ་བདེ་སྡུག་སེལ་བར་ནམ་མཁར་མེ་ཏོག་མངོན་པ་ཇི་མི་མཚུངས། །

    ཕ་མེས་ཡང་མེས་བརྒྱུད་པའི་ཁ་བ་གངས་ལྗོངས་ཡུལ། །
    ཕྱི་མིག་ལེན་གཅིག་ལྟོས་དང་ཨ་རོགས་བོད་པའི་ཚང་། །
    གཞི་ལུས་བོད་པ་དམྱལ་ཁམས་དམར་པོའི་བཙན་འོག་ལུས། །
    གཞི་བྱེས་བོད་མའི་ལྷན་འཛོམས་ཉིན་མོའི་སྐར་མ་ཙམ། །

    ང་ནི་རྒྱལ་བའི་སྐུ་ཚབ་རྒྱལ་བའི་སྐུ་སྲུང་ཟེར་ནས་བྱེས་འབྱོར་བོད་པའི་ཚང་ལ་བསྒྲགས། །
    ཞིབ་པ་དཔྱོད་ན་ཆང་རག་དུག་རྫས་དཀྱིལ་ལ་བསྐྱོད་པའི་སྒོར་མོ་བག་མེད་སྤྲད་པ་ཨེ་མ་མཚར། །
    ལ་རྒྱལ་ཏིལ་འབྲུ་ཙམ་ཞིག་དབེན་པས་དེང་གསར་སྐུ་དྲག་སྤྱོད་ཚུལ་མཐོང་དུས་ཡིད་སེམས་སྐྱོ། །
    རྒྱལ་བར་དབུ་འཁོར་མ་གཏོང་དེང་རྙིང་སྐུ་དྲག་རྣམས་ལ་རེ་སྨོན་སྙིང་ཁྲག་དྲོན་མོར་ཕུལ། །

  7. ཀརྨ་རྡོ་རྗེ།

    ངས་བདམས་ནའི་བཀའ་ཁྲི་འོས་མི་རྒྱ་རི་སྒྲོལ་མ་ལགས།
    ཆ་རྐྱེན་ཆང་དགོས་པ།

    རྒྱ་ ལ་ཞེ་འཁོན་མ་བྱེད་རྒྱ་སྒྲོལ་ལགས། །
    རི་ ལ་ཞེན་ཆགས་མ་བྱེད་རྒྱ་སྒྲོལ་ལགས། །
    སྒྲོལ་ ལམ་དབུས་མ་མ་དོར་རྒྱ་སྒྲོལ་ལགས། །
    མ་དང་སྲིང་ལྟར་སྒྲུབས་ཤིག་རྒྱ་སྒྲོལ་ལགས། །

    བཞི་པོ་ཀུན་སློང་འཆང་ན་ཐོབ་ཀྱང་སྲིད། །

  8. དགྲ་ལྷ་རྩེ་རྒྱལ།

    ངས་སྐད་ཆ་དྲང་པོ་བཤད་ན། ད་ལྟའི་བོད་པའི་སྤྱི་ཚོགས་ནང་དུ་བཀའ་ཁྲིར་འོས་ཤིང་མཚམས་པའི་སྐྱེ་དམན་སུ་གཅིག་མི་འདུག

  9. ད་ལོ་འདི་འད྄ྲའི་འཁ྄ྲུགས་པ་ལ། ཉིས་ས྄ྟོང་བར྄ྒ྄ྱད་ལོའི་ཨ་རིའི་འོས་འཕེན་ས྄ྐབས་
    དང་ཆུ་ལ་ཆུ་བཞག་རེད། དཔེར་ན། བ྄ློ་བཟང་སེང་གེ་ནི་ཨ་རིའི་ཨོ་ས྄ྦ་མ་འད྄ྲ་ལ།
    ར྄ྒ྄ྱ་རི་ས྄ྒ྄ྲོལ་མ་ནི་ཨ་རིའི་ལ྄྄ྕམ་ཧི་ལ་རི་ཁེན་ཁ྄ྲན་དང་། བཀ྄ྲས་མཐོང་བས྄ྟན་འཛིན་
    ར྄ྣམ་ར྄ྒ྄ྱལ་ཨ་རིའི་འཇོན་མེ་ཁེན་དང་འད྄ྲ་ཆགས་སུ་མཐོང་།

  10. དགྲ་ལྷ་རྩེ་རྒྱལ།

    འོ་ཡ། ད་ཡིན་ན་ཨ་ཅག་རྒྱ་རི་སྒྲོལ་མས་སྐད་གྲགས་ཤིག་འཇོག་བསམ་པ་ཞིག་དང་། དེའི་རྒྱབ་ཏུ་ད་དུང་མང་པོ་ཡོད་ཀྱི་རེད།
    དུས་ད་ལོ་ཡིན་ན། ཁྱིམ་ཚང་ཆེན་པོ་གཉིས་ཀྱི་ས་འོག་དར་ཐག་གི་གཡོ་འཁྲུལ་འོག་ནས་བློ་བཟང་སེང་གེ་ལྟ་བུའི་ལམ་ཁ་འགོག་ཐབས་བྱེད་ཀྱི་ཡོད་པ་གསལ་པོ་རེད། རྒྱ་རི་ཚང་དང་། བཀྲས་མཐོང་ཚང་། ད་དུང་ཁྱིམ་ཚང་ཆེན་པོ་འདི་ཚོ་མགོ་ན་འགྱིང་རྒྱུ་མཚམས་འཇོག་མི་སྲིད་པ་རེད།
    ངས་ནི་གཡོ་སྒྱུ་ཅན་གྱི་མི་ཆེན་འདི་ཚོར་རྒྱབ་སྐྱོར་རྩ་བ་ཉིད་ནས་བྱེད་ཀྱི་མིན། མི་ཚང་དཀྱུས་མའི་ཁྱིམ་ཚང་དུ་སྐྱེས་པའི་ན་གཞོན་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་ཁོ་ཐག་ཡིན། ཁོང་ལ་འོས་ཤོག་རྐང་བཅུ་མ་གཏོགས་འཕེན་མཁན་མ་བྱུང་ཡང་། ངས་ཁོང་ལ་འོས་ཤོག་འཕེན་ངེས་ཡིན།

  11. ཆུ་ཤུར་མིག་དམར་

    ཡག་པོ་རེད་་་བུད་མེད་ཞིག་བཀའ་ཁྲིར་སླེབས་ཐུབ་ན་བོད་རྒྱལ་ཁབ་ཀྱི་བཀའ་ཁྲིའི་ཟིན་མཐོ་རེད།
    དཔེར་ནབོད་ཀྱི་རྒྱལ་རབས་ནང་བྱུང་མ་མྱོང་བའི་བུད་མེད་༧སྐུའི་བླ་སྨན་ཐོགས་མ་སྨན་རམས་པ་ཟླ་སྒྲོན་ལགས་ལྟ་བུ་རེད།
    བཀྲིས་བདེ་ལེགས།

  12. རྒྱ་རི་སྒྲོལ་མ་འོས་གཞིར་ལངས་པ་དེ་འོས་ཐོབ་འདོད་ཀྱི་རེ་བ་གཏན་ནས་མ་རེད། དེ་ངས་ཁ་ཚོན་བཅད་ནས་བཤད་ཐུབ། འོན་ཀྱང་མོ་ལ་ལས་ཀ་གཅིག་རང་ཡོད་པ་རེད། དེ་ན་གཞོན་མང་ཆེ་བས་བློ་བཟང་སེང་གེ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་མི་མང་པོས་ཚོད་དཔག་བྱེད་བཞིན་པ་ཡོད་པ་རེད། རྒྱ་རི་ཚང་གི་ངོས་ནས་བཤད་ན་བཀྲས་མཐོང་བསྟན་རྣམ་དང་བློ་བཟང་སེང་གཉིས་ཀ་ལ་འཆམ་པོ་མེད་ཀྱང་། མ་འོངས་པར་བཀའ་བློན་ཁྲི་པ་དེ་ཁོང་ཚོས་བེད་སྤྱོད་བྱེད་ཐུབ་དགོས་ན་མི་དེའི་ལོ་རྒྱུས་དང་སྙིང་སྟོབས་སོགས་ལ་གཞི་ལ་བཞག་ནས་ལྟ་དགོས་པ་རེད། བཀྲས་མཐོང་བསྟན་རྣམ་ལ་བློ་ཁོག་མེད་པ་དངོས་ཡོད་གནས་ཀྱི་ཐོག་ནས་ར་སྤྲོད་མང་པོ་ཡོད་པ་རེད། དཔེར་ན་༡༩༩༤ ལོར་ཆུ་སྒང་དང་བོད་སོག་ལས་ཁུངས་ཀྱི་རྩོད་རྙོག་སྐོར་ཐག་གཅོད་བྱས་ནས་གསལ་བསྒྲགས་བྱེད་པའི་སྐབས། ཁོང་གིས་ད་ལྟའི་གནད་དོན་དེ་ཚོགས་གཙོ་ཟམ་གདོང་རིན་པོ་ཆེ་དཔའ་མཛངས་རྣམ་དཔྱོད་དང་བློ་ཁོག་ལ་བརྟེན་ནས་ཐག་གཅོད་ཡག་པོ་བྱུང་བ་ལས། ང་ཚོ་ལྟ་བུ་ཐག་གཅོད་འདི་ལྟ་བུ་ཡོང་ས་མ་རེད་ཅེས། བཀའ་ཁྲི་ལས་ཐོག་པ་ཡིན་བཞིན་དུ་ཟམ་གདོང་རིན་པོ་ཆེ་ལ་ལག་པ་ཞིག་ཕྱིས་པ་རེད། དེ་དང་དེ་ལྟ་བུའི་ལོ་རྒྱུས་མང་པོ་ཡོད་ཀྱང་ཁོང་གིས་བློ་ཁོག་གིས་མ་འདེང་བའི་སྒྲུང་མང་པོ་ཡོད། བློ་བཟང་སེང་གེ་ལ་མཚོན་ན་ལྡི་ལི་ནས་བོད་སོག་ལས་ཁུངས་ཀྱི་ལས་བྱེད་པའི་ལག་ནས་ཡིག་ཆ་འཕྲོག་པ་སོགས་དཔའ་བློ་ཁོག་ཡོད་པའི་ལོ་རྒྱུས་གང་མང་ཡོད་སྟབས། ཁོང་གཉིས་ཀྱི་ནང་ནས་རྒྱ་རི་ཚང་གིས་མ་འོངས་པར་སུ་དང་ལག་པ་གཏོང་གི་རེད་ཅེས་པའི་དྲི་བ་འདི་བཏང་ན། ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་ནི་རྒྱ་རི་ཚང་གིས་བཀྲས་མཐོང་ལ་ལག་པ་གཏོང་གི་རེད། མ་འོངས་པར་བེད་སྤྱོད་བདེ་བའི་ཆེད་དུ་རེད།
    རྒྱུ་མཚན་དེ་ལ་བརྟེན་ནས་ད་རེས་རྒྱ་རི་སྒྲོལ་མ་བཀའ་ཁྲིའི་འོས་གཞི་རུ་ལངས་པ་དང་། མདོ་སྟོད་སྤྱི་འཐུས་སུ་ལང་རྒྱུ་མིན་པའི་གསལ་བསྒྲགས་བྱས་པ་དེ་བློ་བཟང་སེང་གེས་འོས་ཤོག་ཁ་གཏོར་ཐབས་དང་། བསྟན་འཛིན་རྣམ་རྒྱལ་ལ་འོས་འཐོབ་ཆེད་དུ་རེད། དེ་ལ་བརྟེན་ནས་མ་འོངས་པར་བསྟན་འཛིན་རྣམ་རྒྱལ་གྱིས་རྒྱ་རི་སྒྲོལ་མ་བཀའ་བློན་དུ་བསྐོ་རྒྱུ་ད་ལྟ་ནས་ནང་གྲོས་ཐག་གཅོད་བྱས་ཟིན་ཡོད་ཀྱི་རེད་བསམ་གྱི་འདུག འདི་མིན་ན་རྒྱ་རི་སྒྲོལ་མས་སྤྱི་འཐུས་ཀྱི་རྐུབ་སྟེགས་དེ་དེ་ག་ཞིག་གཡུགས་སྲིད་ཀྱི་མ་རེད། ཁོང་རྒྱ་གར་གྱི་མི་སེར་ཡིན་སྟབས་རྒྱ་གར་གཞུང་གི་གོ་གནས་རེ་རག་གི་ཡོད་སྲིད་ཀྱི་ཨེ་ཡོད། ཕལ་ཆེར་ཁག་པོ་རེད།

  13. འདི་ནི་རྒྱ་རི་སྒྲོལ་མའི་སྙིང་སྟོབས་ཀྱི་མཚོན་རྟགས་རེད།

    རྒྱ་རི་སྒྲོལ་མ་ནི་རང་རེའི་བོད་གངས་ཅན་གྱི་བུད་མེད་སྲིད་བློན་ལ་ལངས་མཁན་ཐོག་མ་དེ་རེད། འདིས་ནི་སྲོང་བཙན་སྒམ་པོའི་མི་ཆོས་གཙང་མ་བཅུ་དྲུག་གི་ལྕགས་ཀྱི་དྲ་བ་དེ་གཏོར་ནས་སླེབས་པ་རེད། འདིས་ནི་བོད་ཀྱིས་ལོ་རྒྱུས་ཐོག་གི་མང་གཙོའི་མིང་བྱང་རྫིག་པོ་དེ་བཏེགས་ནས་སླེབས་པ་རེད།

    ཁོང་མོར་མཐའ་མའི་རྒྱལ་ཁ་དེ་མ་ཐོབ་ཀྱང་དགའ་བསུ་ལོས་ཞུ།

  14. མྱི་ནག་ཚང་།

    རྒྱ་རི་སྒྲོལ་མ་ལགས་ལ། འོས་འདི་དངོས་གནས་ཐོབ་རྒྱུ་རེད་དམ།

    འབྱུང་སྲིད་པ། ཁོང་ཉིད་བུད་མེད་ཅིག་ཡིན་པའི་རྐྱེན་གྱིས་བཙན་བྱོལ་སྤྱི་ཚོགས་ནང་གི་བུད་མེད་ཚོའི་འོས་ཤོག་ཕལ་ཆེ་བ་ཁོང་ལ་འཐོབ་རྒྱུའི་རེ་བ་ཡོད་པ་རེད།

    དེའི་ཁར། ལས་འགུལ་སྤེལ་སྟངས་ཀྱི་ཆ་ནས་མཉམ་མྱོང་དང་། འབྲེལ་བ་བཅས་ཀྱི་ཐད་ནས་རྒྱ་རི་སྒྲོལ་མ་ལགས་ཀྱིས་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ལས་ལྷག་ཅིག་སྤེལ་ཐུབ་ངེས། དཔེར་ན། དེ་རིང་ལངས་སྟངས་འདི་ཡང་རྣམ་པ་གལ་ཆེན་པོ་ཞིག་རེད།

    བུད་མེད་ཚོའི་ཁར་གཞོན་སྐྱེས་གང་འཚམ་ཞིག་ཡོང་སྲིད།

    དེའི་ཕན་ནས་རྒྱ་རི་ཚང་ལ་འབྲེལ་བ་ཡོད་མཁན་གྱི་གྲངས་འབོར་ཡང་ཉུང་ཉུང་ཞིག་གཏན་ནས་མིན། བལ་ཡུལ་དང་རྒྱ་གར། འབྲུག ད་དུང་ཕྱི་རྒྱལ་ཁག་བཅས་སྡོམ་ན་འོས་ཤོག་ངེས་ཅན་ཞིག་འཕར་རྒྱུ་རེད་འདོད།

    རྒྱ་རི་སྒྲོལ་མ་ལགས་ཀྱི་ཁ་གཏད་གཙོ་བོ་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཡིན་ངེས།

    དབུས་གཙང་གི་འོས་ཕལ་ཆེ་བ་བཀྲས་མཐོང་ལགས་ལ་ཐོབ་ངེས། དེའི་ཁར། སྲིད་དོན་པ་མང་པོ་ཞིག་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་རྒྱབ་ཏུ་ལངས་ཡོད་ལ། ཁོང་གི་རྒྱབ་ལྗོངས་ཀྱང་ལས་སླ་བོ་མིན།

    བཀྲས་མཐོང་ལྷ་སྒྲོན་དང་བཅས་པ་ཁོང་ལ་རྒྱབ་སྐྱོར་གྱི་ལས་འགུལ་ནང་ཞུགས་པ་ཡིན་ན་ཤུགས་རྐྱེན་ཆེན་པོ་ཞིག་འཇོག་ཐུབ།

    གནས་སྐབས་རིང་དེ་ཙམ་ཡིན།

  15. མྱི་ནག་ཚང་།

    ད་ནི་ལོ་རྒྱུས་ཤིག་གི་མགོ་བཙུགས་པ་རེད།

    བོད་ཀྱི་ལོ་རྒྱུས་ཁྲོད་བཀའ་བློན་ཁྲི་པར་ལངས་མཁན་ཐོག་མ་ས་རེད། ག་དུས་རེད།

    བོད་རིགས་བུད་མེད་རྒྱ་རི་སྒྲོལ་མ་ལགས་རེད། ལངས་དུས་ནི། ༢༠༡༠ ལོའི་ཕྱི་ཟླ་ ༨ པའི་ཚེས་ ༤ ཉིན་རེད།

    འདི་ལོ་རྒྱུས་ཀྱི་ནང་དུ་འབྲི་དགོས་པ་རེད།

    དུས་དེ་ནས་བཟུང་བོད་མི་རིགས་ཀྱིས་སླར་ཡང་དམངས་གཙོའི་གོམ་པ་གསར་པ་ཞིག་སྤོ་མགོ་བཙུགས་པ་རེད།

  16. གང་ལྟར་རྒྱ་རི་བ་ཚང་གི་ལོ་རྒྱུས་དང་བོད་ཀྱི་བུ་མེད་རྣམས་ཀྱི་ལོ་རྒྱུས་ལ་སྔར་མེད་ཀྱི་ཁ་སྐོང་གསར་བ་ཞིག་ཀྱང་ལགས་པས།ཁོ་མོའི་སྤོབས་པ་དང་ཡིད་ཆེས་ལ་རྗེས་སུ་རངས་ཞུ་དགོས་པ་མ་ཟད།དེར་མཐུད་བཀའ་བློན་ཁྲི་བའི་འོས་མི་གཞན་དག་ཀྱང་མངོན་གསལ་དོད་པོས་ལྷང་ལ་འབུད་ཐུབ་པ་དང་།གདོང་ལ་འབུད་ཐུབ་པའི་རེ་བ་བྱེད་རྒྱུ་ཡིན།

  17. བློ་བཟང་སེང་གེ་དང་རྒྱ་རི་སྒྲོལ་མ་གཉིས། ན་ནིང་གི་ཨོ་སྦ་མ་དང་ཧི་ལེ་རི་ཁི་ལིན་ཁྲོན་གཉིས་འདྲ་བོ་ཆགས་ས་རེད།

  18. ཁ་བྱང་འདོགས་སྟངས་འདི་ཅང་ཁེན་མཚར་ཞིག་རེད་མི་འདུག་གམ།རྒྱ་རི་སྒྲོལ་མ།ང་བཀའ་ཁྲི་བའི་འོས་གཞིར་ལངས་གི་ཡིན་་་ཟེར་ན་མི་གཞན་ཞིག་གིས་རྒྱ་རི་སྒྲོལ་མ་ལ་སྐད་ཆ་བཤད་དེ་ཁོ་རང་བཀའ་བློན་ལ་ལངས་རྒྱུ་ཡིན་ཚུལ་རྒྱ་རི་སྒྲོལ་མ་ལ་ཡར་ཞུ་བྱེད་བཞིན་པ་ལྟ་བུ་ཞིག་གོ་གི་མི་འདུག་གམ།
    ཧ་ཧ་ཧ་
    དེ་ཡང་གློ་བུར་བའི་ཚོར་བ་ཙམ་ཡིན་མོད།མ་གཞི་འདི་ལ།་རྒྱ་རི་སྒྲོལ་མ་བཀའ་བློན་ཁྲི་བའི་འོས་གཞིར་ལངས་པ།ཞེས་ཚིག་གསལ་བོ་ཞིག་འགོད་ཐུབ་ན་ཅུང་ལེགས་པར་སྣང་།

    དེར་མཐུད་རྒྱ་རི་སྒྲོལ་མ་རྗེས་སུ་ཡི་རངས་ཡོད་ཟེར་རྒྱུ་ཡིན།ངར་བ་རེད་ཟེར་རྒྱུ་ཡིན།

  19. མྱི་ནག་ཚང་།

    དགའ་བསུ་ཞུ།

    བོད་མི་རིགས་ཀྱིས་འཚོལ་མི་དགོས་པར། བོད་མི་རིགས་བཙལ་ནས་ཕེབས་པར་དགའ་ཡོད།

    ད་བར་བཤད་ཀྱིན་པའི་བཀའ་ཁྲིའི་འོས་གཞིའི་ནང་གི་ཆ་རྐྱེན་ཁ་ཤས།

    ༡། ལོ་གཞོན་ནི་རེད།
    ༢། བུད་མེད་ཀྱང་རེད།
    ༣། གངས་སྐྱིད་ནས་ལོ་ ༢༠ རྩ་གྲངས་ལ་བཞུགས་པ།
    ༤། དང་བླངས་ཀྱིས་ཕེབས་པ།

    ད་དུང་བརྩི་རྒྱུ་མང་པོ་ཡོད་ངེས།

    ཁོང་ཉིད་གང་འདྲ་འདུག དུས་བབ་དྲ་ཚིགས་ཀྱི་བསམ་ཤོག་ནང་དུ་ཐེངས་སྔོན་མར་རྩེ་བཏོག་རེད། ད་ཐེངས་ཀྱང་ཨང་རིམ་གཉིས་པ་ནས་ཡར་འཕར་བཞིན་འདུག