རྒྱ་རིགས་སློབ་མ་ཚོས་ངེས་པར་དུ་༧གོང་ས་ཏཱ་ལའི་བླ་མར་ཕེབས་བསུ་ཞུ་དགོས།

རྒྱ་རིགས་ཡཱང་ཅིན་ལིསབརྩམས།
ཉི་མ་ཚེ་རིང་གིས་བསྒྱུར།

སྐུ་ཞབས་རཱི་ཅ་ཨིས་པེན་སཱར་(Richard Spencer)དང་། ལྕམ་སྐུ་ཞབས་ཨཱེན་ཀཱོལ་ཊར་(Ann Coulter)། དེ་བཞིན། ༧གོང་ས་ཏཱ་ལའི་བླ་མ་གསུམ་ལ་མཐུན་པའི་ཆ་ག་རེ་འདུག ཁོང་རྣམ་པ་གསུམ་སློབ་གླིང་འདིར་གཏམ་བཤད་གནང་བར་གདན་འདྲེན་ཞུས་སྐབས། མཐོ་སློབ་ཀྱི་སློབ་མ་སྐོར་ཞིག་གིས་ངོ་རྒོལ་སྐད་འབོད་བྱེད་རྒྱུ་དམིགས་འབེན་གཙོ་བོར་བཟུང་ཡོད།

འོན་ཀྱང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་སྐུ་ཞབས་ཨིས་པེན་སཱར་དང་ལྕམ་སྐུ་ཞབས་ཀཱོལ་ཊར་གཉིས་དང་མི་འདྲ། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བོད་མིའི་ཁྱིམ་ཚང་དབུལ་པོ་རྩྭ་སྐྱ་སླེ་མའི་ཉལ་གདན་ཅན་གྱི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཀྱང་། ད་ལྟ་འཛམ་གླིང་གི་དབུ་ཁྲིད་དང་མི་མང་ཚོས་ཆེས་དགའ་མོས་བྱེད་སའི་སྐྱེས་བུ་དམ་པ་ཞིག་ཆགས་ཡོད།

ཟླ་འདིའི་ཚེས་ ༡༧ ཉིན་ཨ་རིའི་སཱེན་ཌི་ཡེ་གྷོར་(San Diego)ཡོད་པའི་ཁ་ལེ་ཧྥོ་ནི་ཡའི་གཙུག་ལག་སློབ་གྲྭ་(Calfornia University)རུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུས་ཏེ་གཏམ་བཤད་གནང་འཆར་ཡོད་པ་དང་། དེ་ལ་སློབ་གླིང་དེ་གའི་རྒྱ་རིགས་སློམ་མ་སྐོར་ཞིག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུ་རྒྱུའི་འཆར་གཞི་དེ་སློབ་གླིང་དེ་གའི་རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་བྱེད་པའི་གོ་སྐབས་སུ་བཟུང་ཡོད།

གུས་པ་ཡང་ཧཱན་རྒྱ་མི་རིགས་ཤིག་ཡིན་སྟབས། རྒྱ་རིགས་སློབ་མ་དེ་དག་གི་བྱ་སྤྱོད་དེས་གུས་པ་ཧ་ཅང་དོག་མ་བདེ་བ་ཞིག་བཟོས་སོང་། རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་བྱས་པ་ཙམ་གྱིས་ང་ལ་ཚོར་སྣང་དེ་འདྲ་བྱུང་བ་མིན་པར། སློབ་མ་དེ་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་སྐོར་འོག་ཚུད་དེ། རྒྱ་ནག་གཞུང་གིས་གང་བཤད་པ་དེ་དག་བདེན་པར་བཟུང་སྟེ་ཡམས་རྒྱུག་བྱེད་བཞིན་ཡོད་པ་དེར་ཚོར་སྣང་མ་བདེ་བ་ཞིག་བྱུང་སོང་།

རྒྱ་རིགས་སློབ་མ་དེ་དག་གིས་ཨ་རིར་སློབ་སྦྱོང་བྱེད་བཞིན་ཡོད། རྒྱ་ནག་དང་མ་འདྲ་བར་ཨ་རིའི་ནང་སྨྲ་བརྗོད་རང་དབང་ཡོད་ལ། གནས་ཚུལ་གསར་པ་མཁོ་སྒྲུབ་བྱེད་པའི་རང་དབང་ཡང་ཡོད། འོན་ཀྱང་། རྒྱ་རིགས་སློབ་མ་ཚོས་རང་དབང་དེ་དག་ལོངས་སུ་སྤྱོད་མ་ཐུབ་པར། ད་དུང་ཁོང་ཚོ་རྒྱ་ནག་ཏུ་ཡོད་སྐབས་སྲིད་གཞུང་གིས་སློབ་གསོ་དང་དྲིལ་བསྒྲགས་སྣ་ཚོགས་བྱས་པའི་རྨོངས་གཉིད་ལས་སད་མི་འདུག་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་མི་རིགས་སྤྱིའི་ཕན་བདེ་བསྒྲུབས་དང་སྒྲུབ་བཞིན་པའི་བཟང་པོའི་ཡོན་ཏན་དེ་དག་ཀྱང་ཁོ་ཚོས་ད་དུང་རང་ངོས་ནས་རྟོག་ཞིབ་བྱེད་ཐུབ་ཀྱི་མི་འདུག

རྒྱ་རིགས་སློབ་མ་ཚོས་ཐེངས་འདིའི་སློབ་སྐབས་མགོ་འཛུགས་མཛད་སྒོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གཏམ་བཤད་པར་གདན་འདྲེན་ཞུས་པར་ངོ་རྒོལ་བྱེད་དོན་གཙོ་བོ་ནི། ཏཱ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་ཡིན་པ་དང་། ཁོ་བས་བོད་དེ་རྒྱ་ནག་ལས་ཁ་བྲལ་གཏོང་འདོད་ཡོད་པ། འདས་པའི་ལོ་རྒྱུས་ནང་ཏཱ་ལའི་བླ་མ་ནི་བྲན་གཡོག་ལམ་ལུགས་ལག་བསྟར་བྱེད་མཁན་ཞིག་ཡིན་སྟབས། ཁོས་ཐེངས་འདིར་གཙུག་ལག་སློབ་གྲྭའི་སྡིངས་ཆའི་སྟེང་ “མི་རིགས་སྤྱིའི་ཕན་བདེ་ལ་ཞབས་ཞུ་” ཞེས་པའི་སྐོར་ལ་གཏམ་བཤད་བྱེད་པའི་འོས་བབ་མེད་པ་དང་། གལ་སྲིད་ཁ་ལི་ཧྥོ་ནི་ཡཱ་གཙུག་ལག་སློབ་གྲྭས་༧གོང་ས་ཏཱ་ལའི་བླ་མར་གཏམ་བཤད་ཀྱི་གོ་སྐབས་སྤྲད་ཚེ། དེ་ནི་རྒྱ་རིགས་སློབ་མ་ཚོ་དང་ཁོང་ཚོའི་ཕ་མ་སོགས་ལ་གུས་བརྩི་མ་བྱས་པ་ཞིག་ཡིན་པ་སོགས་ཀྱི་སྐད་འབོད་བརྒྱབ་ཡོད།

དང་པོ། རྒྱ་ནག་གཞུང་དང་འདི་ག་གཙུག་ལག་སློབ་གྲྭའི་རྒྱ་རིགས་སློབ་མ་འགས་འགྲེལ་བཤད་རྒྱག་སྟངས་ལྟར་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཁ་བྲལ་རིང་ལུགས་པ་ཞིག་མིན། གུས་པས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལོ་ངོ་ ༢༠ ལྷག་གི་གོང་ནས་ངོ་ཤེས་ཀྱི་ཡོད། གུས་པས་ཁོང་དང་དངོས་སུ་མཇལ་འཕྲད་བྱས་ཏེ་སྐད་ཆ་བཤད་མྱོང་ཡོད་ལ། ཁོང་གིས་མི་མང་འདུ་འཛོམས་ཐོག་གཏམ་བཤད་གནང་སར་ཡང་གུས་པ་མཉམ་ཞུགས་བྱས་མྱོང་ཡོད། དེར་བརྟེན། ཁོང་ནི་འཛམ་གླིང་མི་མང་སྤྱི་ལ་བྱམས་བརྩེ་དང་འཆམ་མཐུན་གནང་མཁན་ཞིག་ཡིན་པ་རྟོགས་སོང་ལ། ཁོང་གིས་དུས་ནམ་ཡང་དྲག་སྤྱོད་དང་ཁ་བྲལ་རིང་ལུགས་ལ་རྒྱབ་སྐྱོར་གནང་གི་མེད་པའང་ཤེས་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་མི་ཚོར་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་ཡོད་ཀྱང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་དུང་ལྷད་མེད་དྭངས་གཙང་གི་ཀུན་སློང་ཐོག་ནས་དུས་དང་རྣམ་པ་ཀུན་དུ་རྒྱ་ནག་གཞུང་དང་དངོས་སུ་ཐུག་འཕྲད་བྱས་ཏེ། གྲོས་མོལ་དང་། མཐུན་འགྲིག་གི་བགྲོ་གླེང་གནང་བར་གྲ་སྒྲིག་ཨང་གསར་ཡོད་སྐོར་ཡང་ཡང་གསུང་གི་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལོ་ངོ་མང་པོའི་སྔོན་ནས་བོད་རང་བཙན་འཐབ་རྩོད་བློས་བཏང་སྟེ། གཉིས་སྨན་དབུ་མའི་ལམ་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད། དེ་ནི་རྒྱ་ནག་ནས་བོད་ཁ་བྲལ་གཏོང་བའི་སྐད་ཆ་ཞིག་མིན་པར། མ་འོངས་པའི་བོད་དེ་རྒྱ་ནག་གཞུང་གི་ཆབ་སྲིད་སྒྲོམ་གཞིའི་འོག་ཏུ་གནས་འདོད་ཡོད་པ་དེ་ཡིན།

གཉིས་པ། རྒྱལ་སྤྱིའི་ཐོག་གི་ཤེས་ཡོན་ཅན་རེ་གཉིས་མ་གཏོགས་མཁས་དབང་ཚང་མས་མགྲིན་གཅིག་ཏུ་རྒྱ་ནག་གིས་བོད་བཙན་འཛུལ་མ་བྱས་སྔོན་ལ་བོད་དེ་བྲན་གཡོག་ལམ་ལུགས་ཡིན་པར་ངོས་ལེན་བྱེད་ཀྱི་མེད། སྤྱིར་བོད་ཀྱི་ལོ་རྒྱུས་ནི་ཧ་ཅང་རྙོག་འཛིང་ཅན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་ཡིན་ཡང་། རིག་གཞུང་ལྡན་པའི་བོད་པའི་སྤྱི་ཚོགས་ཀྱི་འགྲོ་ལུགས་འགྲོ་སྟངས་དང་། འཚོ་བ་རོལ་སྟངས་སོགས་ནི་ཧ་ཅང་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་རེད། དེར་བརྟེན། མཁས་དབང་མང་པོ་ཞིག་གིས་སྐབས་དེའི་བོད་ཀྱི་གནས་སྟངས་ལ་ཞིང་བྲན་ལམ་ལུགས་དང་བྲན་གཡོག་ལམ་ལུགས་ཟེར་བའི་ཚིག་འདི་གཉིས་གང་ཡང་བེད་སྤྱོད་གནང་གི་མེད་ལ། དེ་ལྟར་བོས་ན་དངོས་ཡོད་གནས་ཚུལ་དང་འཚམ་པོ་མིན་པ་དང་། དབྱིན་ཇིའི་ཚིག་གི་གོ་དོན་དང་གོ་ནོར་འཐེབ་རྒྱུའི་ཉེན་ཁ་ཡོད་པར་ངོས་འཛིན་གནང་གི་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་བོད་དེ་རྗེས་ལུས་ཡིན་པ་དང་། བོད་པའི་སྤྱི་ཚོགས་གནས་སྟངས་ཞིང་བྲན་ལམ་ལུགས་དང་གདུག་རྩུབ་ཅན་གྱི་བྲན་གཡོག་ལམ་ལུགས་ཡིན་པ་སོགས་ལ་ཁ་གཡར་ཏེ། བོད་པའི་སྲོལ་རྒྱུན་སྤྱི་ཚོགས་ཀྱི་སྒྲོམ་གཞི་ཡོངས་རྫོགས་ལ་གཏོར་བཤིག་བཏང་བ་རེད། སྤྱོད་ཚུལ་དེས་རྒྱ་ནག་དམར་ཤོག་ཚོགས་པས་ཡ་རབས་བཟང་སྤྱོད་གཙིགས་སུ་འཛིན་པའི་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་པ་དང་ད་ལྟ་བཙན་བཟུང་བྱས་ཡོད་པ་མཚོན་གྱི་ཡོད།

༧གོང་ས་ཏཱ་ལའི་བླ་མ་མཆོག་ཁྱིམ་ཚང་ཉམ་ཆུང་ཞིག་ནས་སྐྱེས་ཏེ་འཚར་ལོངས་བྱུང་བའི་སྐྱེས་བུ་ཞིག་ཡིན་སྟབས། སྐབས་དེའི་བོད་སྤྱི་ཚོགས་ལ་བཅོས་བསྒྱུར་ཆེན་པོ་ཞིག་གཏོང་རྒྱུའི་ཐུགས་འདུན་པ་དང་། ༡༩༥༠ ལོར་ཁོང་ཏཱ་ལའི་བླ་མའི་གསེར་ཁྲིར་མངའ་གསོལ་མཛད་མ་ཐག་ནས་བཅོས་བསྒྱུར་དངོས་སུ་ལག་བསྟར་བྱེད་འདོད་དྲག་པོ་ཡོད་ཀྱང་། ༡༩༥༩ ལོར་རྒྱ་ནག་གིས་བོད་སར་བཙན་འཛུལ་བྱས་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུར་ཡོད། འོན་ཀྱང་། ཁོང་བཙན་བྱོལ་དུ་ཕེབས་ཡོད་ཀྱང་བོད་པའི་སྤྱི་ཚོགས་བཅོས་བསྒྱུར་གྱི་བསམ་བློ་དེ་མ་དོར་བར། རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞུང་བཙུགས་མ་ཐག་དམངས་གཙོའི་ལམ་སྲོལ་ཐོག་བསྒྱུར་གནང་མཛད་ཡོད་ལ། ༢༠༡༡ ལོ་ནས་བཟུང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྲིད་འགན་ལས་དགོངས་པ་ཞུས་ཏེ། བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་དམངས་གིས་འོས་འདེམས་གནང་བའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་ཡོད།

གསུམ་པ། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཞི་བདེ་དང་རང་དབང་གི་སྨྲ་བརྗོད་པ་ཞིག་ཡིན་ལ། གོ་ལ་ཧྲིལ་བོའི་མི་མང་གིས་དགའ་མོས་དང་བསྟོད་བསྔགས་ཞུ་ཡུལ་ཞིག་ཡིན། ཁོང་གིས་འགྲོ་བ་མིའི་རིགས་སྤྱིའི་ཕན་བདེ་ལ་མཛད་རྗེས་རླབས་ཆེན་བཞག་གནང་མཛད་ཡོད་སྟབས། ༡༩༨༩ ལོར་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་ཁོང་ལ་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་ཡོད།

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་བར་སྐུ་ངལ་འཛེམས་མེད་ཀྱིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་རིགས་སྤྱིའི་ཕན་བདེའི་ཆེད་དུ་སྐུ་ངལ་བསྐྱོན་ཡོད་སྟབས། ད་རེབ་འདི་ག་གཙུག་ལག་སློབ་ཁང་དུ་ “མི་རིགས་སྤྱིའི་ཕན་བདེའི་ཞབས་ཞུ་” ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུའི་ཆ་རྐྱེན་ཆ་ཚང་ཁོང་ལ་ཚང་ཡོད།

མཐའ་དོན། ཨ་རིའི་གཙུག་ལག་སློབ་གྲྭ་ཁག་གི་སྡིངས་ཆའི་སྟེང་། རང་རང་གི་བསམ་ཚུལ་བཤད་པ་དང་བགྲོ་གླེང་གནང་བར་མི་སྣ་འདྲ་མིན་གདན་འདྲེན་ཞུས་མྱོང་ཡོད་པ་མ་ཟད། རྒྱ་ནག་གི་མགོ་ཁྲིད་ལས་ཐོག་དང་ཟུར་པ་མང་པོ་གདན་འདྲེན་བྱས་དང་བྱེད་བཞིན་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་གཞུང་དང་རྒྱ་རིགས་མི་མང་ལ་མ་གུས་པའི་རྣམ་འགྱུར་དུས་ནམ་ཡང་བསྟན་མྱོང་མེད་སྟབས། འདི་ག་གཙུག་ལག་སློབ་གྲྭར་གདན་འདྲེན་ཞུས་ན་རྒྱ་རིགས་སློབ་མ་ཚོར་གུས་བརྩི་མ་བྱས་པ་ཇི་ལྟར་མཚོན་ནམ། དུས་ནམ་ཡང་མཚོན་མི་སྲིད་དོ།།

འདི་ག་གཙུག་ལག་སློབ་གྲྭའི་རྒྱ་རིགས་སློབ་མ་རྣམས་ལ་ངོ་རྒོལ་བྱ་རྒྱུའི་རང་དབང་ཡོད། དྲང་པོར་བཤད་ན། རྒྱ་ནག་ནང་མེད་པའི་སྨྲ་བརྗོད་རང་དབང་དེ་ཁོང་ཚོས་འདི་གར་ལོངས་སུ་སྤྱོད་བཞིན་པ་མཐོང་སྟེ་གུས་པར་དགའ་སྣང་སྐྱེས་ཀྱང་། དེ་དང་མཉམ་དུ་བློ་ཕམ་སྐྱེ་གཞི་ཞིག་ནི། ཁོང་ཚོས་ངོ་རྒོལ་སྐད་འབོད་བྱས་དང་བྱེད་བཞིན་པ་དེ་དག་རང་གིས་གང་བཤད་འདོད་པ་བཤད་རྒྱུའི་རང་དབང་ལོངས་སུ་སྤྱད་པ་མ་ཡིན་པར། རྒྱ་ནག་གཞུང་གི་མགོ་སྐོར་འོག་ཚུད་དེ་རྒྱ་ནག་གཞུང་གིས་ངན་སྐུལ་གང་བྱས་ཡོད་པ་དེ་དག་སྐད་འབོད་རྒྱག་གི་ཡོད་པ་དེ་རེད།

གུས་པས་འདིར་ཡོད་པའི་རྒྱ་རིགས་སློབ་མ་རྣམས་ལ་ཨ་རིའི་རང་དབང་དང་ཐོབ་ཐབ་དེ་ཉམས་སུ་མྱོང་སྟེ། རང་གི་བསམ་བློ་རྒྱ་སྐྱེད་དང་བློ་སྐྱེད་གསར་པ། བསམ་ཚུལ་གསར་པ་ཐོབ་ཐབས་བཅས་ལ་འབད་བརྩོན་བྱ་རོགས་ཞུ་རྒྱུ་ཡིན། རྒྱ་ནག་ཏུ་ཡོད་སྐབས་བསླབས་མྱོང་པའི་སློབ་གསོ་དེ་དག་ལ་ཤི་འཐམ་རོ་འཐམ་བྱས་ནས་མ་འདུག་རོགས་ཞུ་རྒྱུ་ཡིན། ད་རེབ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གང་གསུང་མིན་ལ་དོ་སྣང་བྱེད་པའི་གལ་འགངས་ཅན་གྱི་གོ་སྐབས་ཤིག་ཡིན། ཁོང་གི་གཏམ་བཤད་ལ་ཐེངས་གཅིག་ཉན་རྗེས་ད་གཟོད་རང་རང་གིས་ཇི་ལྟར་ཐག་གཅོད་གནང་མིན་ལ་བསམ་བློ་གཏོང་རོགས།

རིག་གཞུང་དང་ཆབ་སྲིད་ཀྱི་རྒྱབ་ལྗོངས་ལ་མ་ལྟོས་པར་ཐེངས་འདིར་སློབ་མ་ཚོས་ངེས་པར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུ་དགོས། ཁོང་གིས་སློབ་སྐབས་མགོ་འཛུགས་ཀྱི་སྐབས་འདིར་བསམ་བློ་གུ་ཡངས་དང་། བློ་སྐྱེད་གསར་པ་སྟེར་བའི་གཏམ་བཤད་གནང་གི་རེད་ལ། ཁོང་གིས་ང་ཚོར་ཇི་ལྟར་ཞི་བདེའི་ལམ་ཁ་འཚོལ་སྙེག་བྱས་ཏེ་བདེ་སྐྱིད་ལོངས་སུ་སྤྱོད་དགོས་མིན་དང་། ཇི་ལྟར་གཅིག་ཕན་གཅིག་གྲོགས་ཀྱིས་འཚོ་བ་སྐྱེལ་དགོས་མིན་ལམ་སྟོན་གནང་ངེས་ཡིན་པ་མ་ཟད། བོད་མི་དང་ཧཱན་མི་རིགས་ཁོ་ན་མིན་པར། འཛམ་གླིང་གི་མི་རིགས་ཡོངས་ཕན་ཚུན་འབྲེལ་བ་ཡོད་སྟབས་འཆམ་མཐུན་ངང་གནས་དགོས་པར་དྲན་སྐུལ་གཏོང་གི་རེད།

ཟུར་མཆན།

བསམ་ཚུལ་འདི་འབྲི་མཁན་རྒྱ་རིགས་ཡཱང་ཅིན་ལི་(Yang Jianli)ལགས་ཡིན་པ་དང་། ཁོང་ནི་ ༼   རྒྱ་ནག་གི་སྣེ་ཁྲིད་ཚོགས་པ   ༽   ཞེས་པའི་ཚོགས་གཙོ་དང་། ཨ་རིའི་ཁ་ལེ་ཧྥོ་ནི་ཡ་གཙུག་ལག་སློབ་གྲྭ་ནས་རྩིས་རིག་གི་འབུམ་རམས་དང་། ཧཱ་ཝར་ཌི་གཙུག་ལག་སློབ་གྲྭ་ནས་དཔལ་འབྱོར་ཆབ་སྲིད་རིག་པའི་འབུམ་རམས་པའི་ཕྱག་ཁྱེར་བཞེས་མཁན་ཞིག་ཡིན། ཁོང་ནི་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སྡེབ་གསོད་དོན་རྐྱེན་ཁྲོད་ནས་ཚེ་སྲོག་ཐར་བ་ཞིག་དང་། རྒྱ་ནག་གི་བཙོན་ཁང་དུའང་ཡུན་རིང་བཞུགས་མྱོང་མཁན་ཞིག་ཡིན།

བསྐྱར་བཅོས།: ༢༠༡༧/༠༦/༡༤

Leave a Reply

One thought on “རྒྱ་རིགས་སློབ་མ་ཚོས་ངེས་པར་དུ་༧གོང་ས་ཏཱ་ལའི་བླ་མར་ཕེབས་བསུ་ཞུ་དགོས།

  1. ལྡོང་གི་ཕ་ས།-འཕྱང་གཅོད།

    ནམ་ཞར་དུ་འདི་དང་འདི་ལྟ་བུའི་དོན་སྙིང་ལྡན་ལ་ཕན་ཐོགས་རྒྱ་ཆེ་ཙམ་འདུག་པའི་རྩོམ་ཡིག་དག་སྤེལ་བ་བཀའ་དྲིན་ཆེ། དེ་ནས་གོང་གི་བསྒྱུར་རྩོམ་འདིའི་མ་ཡིག་དྲ་བྱང་འདིར་དགོད་ན་ཕན་ཐོགས་དེ་ལས་ཆེ་ཙམ་འདུག ཞལ་དྲོ།