རྒྱ་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུཊ་གཉིས་རྒྱུན་འཁྱོངས་ཐུབ་ཁག་པོ་རེད་འདུག་ཟེར།

རྒྱ་ནག་གཞུང་གི་ཆེད་བསྐོས་མི་སྣས་གལ་སྲིད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཕམ་ཉེས་བྱུང་ཚེ་ཧོང་ཀོང་ལ་གྱོང་གུན་ཆེ་བ་ཕོག་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ཚེས་ ༢༩ ཉིན་གྱི་ཧོང་ཀོང་ཞིབ་འཇུག་ཚོགས་འདུ་ཞིག་གི་ཐོག རྒྱ་ནག་གཞུང་གི་ཧོང་ཀོང་འབྲེལ་མཐུད་ལས་སྒྲུབ་ཁང་གི་བཅའ་ཁྲིམས་ཚན་པའི་མགོ་འཁྲིད་ཝང་ཀྲིན་མིན་ཟེར་བ་དེས། གལ་སྲིད་ཧོང་ཀོང་གི་རང་སྐྱོང་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་རྒྱལ་ཁབ་ཀྱི་འཚོ་གནས་ལ་འཇིགས་བསྐུལ་ཐེབས་པ་ཡིན་ན་མུ་མཐུད་ལམ་ལུགས་གཉིས་ལག་བསྟར་བྱེད་ཐབས་མེད་སྟབས། ཧོང་ཀོང་གི་གཞོན་སྐྱེས་ཚོས་ངེས་པར་དུ་གཞི་རྩའི་བཅའ་ཁྲིམས་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་སྐུལ་མ་བྱས་འདུག

ཝང་ཀྲིན་མིན་གྱིས། ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་གིས་རྒྱལ་ཁབ་གཅིག་གྱུར་ལ་འཇིགས་བསྐུལ་བྱས་ན་འགྲིག་གི་མེད་ལ། པེ་ཅིན་གཞུང་གིས་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱེད་སྐབས་ཧོང་ཀོང་གིས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་འགོག་རྒོལ་བྱེད་རྒྱུ་ཡོད་པ་མ་རེད། དེ་འདྲ་བྱས་ན་རྒྱ་ནག་གི་ཧོང་ཀོང་བདག་དབང་དོན་མེད་དུ་འགྱུར་འགྲོ་བ་རེད་ཅེས་དང་། རྒྱ་ནག་གཞུང་ནས་ཧོང་ཀོང་ཕྱིར་ལོག་གི་གནད་དོན་ཐད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་བཏོན་ཡོད་ཀྱང་། ལམ་ལུགས་གཉིས་འགྱུར་མེད་རྒྱུན་འཁྱོངས་བྱས་པ་དང་ཆབས་ཅིག་ཐོག་མར་རྒྱལ་ཁབ་གཅིག་གི་རྨང་གཞིའི་མངོན་འདོད་སྐོང་ཐུབ་པ་དགོས་སྐོར་བརྗོད་འདུག

ཡང་ཁོང་གིས། གལ་སྲིད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་ཕམ་ཉེས་བྱུང་བ་ཡིན་ན། ཧོང་ཀོང་གི་གྱོང་གུན་དེ་རྒྱ་ནག་གི་གྱོང་གུན་ལས་ཀྱང་ཚབས་ཆེ་བ་ཡོད་པའི་ཉེན་བརྡ་བཏང་འདུག དེ་བཞིན་ཞིབ་འཇུག་ཚོགས་འདུ་དེའི་ཐོག་གདན་འདྲེན་བྱས་པའི་གཏམ་བཤད་པ་ཧོང་ཀོང་དང་ཨོ་མིན་ལས་སྒྲུབ་ཁང་གི་འགན་འཛིན་གཞོན་པ་ཟུར་པ་ཞུ་ཙི་ཡིས། གལ་སྲིད་མི་རེ་ཟུང་གིས་ཧོང་ཀོང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་ས་ཁུལ་ཞིག་ཏུ་བསྒྱུར་གྱི་ཡོད་ན། སྲིད་གཞུང་གིས་ངེས་པར་དུ་ལག་པ་བརྐྱངས་ཏེ་སྔོན་འགོག་དགོས་སྐོར་བརྗོད་འདུག

གཞན་ཡང་། ཞིབ་འཇུག་ཚོགས་འདུ་དེའི་ཐོག་བཅར་བའི་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྲིད་འཛིན་ཟུར་པ་ཉིང་ཁྲིན་ཡེན་གྱིས། ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་དེ་གཞི་རྩའི་བཅའ་ཁྲིམས་ནང་གཏན་འབེབས་ཆ་ཚང་ཡོད་སྟབས། ཧོང་ཀོང་མི་མང་གིས་རང་སྲིད་རང་སྐྱོང་གླེང་བ་དང་བསྟུན། གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་ཡང་གླེང་དགོས་སྐོར་བརྗོད་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༣༠ ཉིན་ཚོགས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ན་གཞོན་གླེང་སྟེགས་ཐོག་ཝང་ཀྲིན་མིན་གྱིས། ཀོང་ཧོང་གི་གནད་དོན་ཐག་གཅོད་བྱེད་ཀྱི་ལྡེ་མིག་ལྟ་བུ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བཟང་པོ་བྱ་རྒྱུ་དེ་ཡིན་སྟབས། ཧོང་ཀོང་གི་གཞོན་སྐྱེས་ཚོས་ངེས་པར་དུ་གཞི་རྩའི་བཅའ་ཁྲིམས་ལ་སློབ་སྦྱོང་དང་རྒྱུས་ལོན་ལེགས་པོ་བྱེད་དགོས་པ་དང་། རྒྱུས་ལོན་གྱི་གོ་རིམ་ཁྲོད་མ་འདང་བའི་ཆ་མཐོང་སྲིད་ཀྱང་ངན་ཁག་ཕར་དཀྲི་ཚུར་དཀྲི་མི་བྱེད་པར་རྒྱལ་ཁབ་ཀྱི་མ་འོངས་པར་རེ་བ་ཡོད་པའི་ཐོག་ནས་མེས་རྒྱལ་གྱི་ཁོངས་ནས་འོས་འཚམ་གྱི་གནས་བབ་འཐོབ་ཐབས་དགོས་སྐོར་བརྗོད་འདུག

ཕྱི་ལོ་ ༡༩༩༧ ལོར་དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ ༢༠ འགྲོ་ཡི་ཡོད་པ་དང་། ཉེ་བའི་ལོ་ཤས་ནང་ཧོང་ཀོང་མི་མང་དང་གཞུང་འཛིན་པའི་ནང་རྒྱ་ནག་གཞུང་གི་དམ་དྲག་དབང་འཛིན་ལ་འདོད་མོས་མེད་པའི་ངོ་རྒོལ་གྱི་ལས་འགུལ་རིམ་པར་བྱུང་ཡོད་པ་མ་ཟད། བསྟུན་མར་བྱུང་བའི་ངོ་རྒོལ་ལས་འགུལ་དང་བསྟུན་ཧོང་ཀོང་རང་བཙན་གྱི་འབོད་སྒྲ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། ད་ལོའི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག རྒྱ་གཞུང་གིས་བློ་བརྟན་འགྱུར་མེད་ངང་འགྱུར་ལྡོག་དང་གཡོ་འགུལ་མི་གཏོང་བར་ཕྱོགས་ཡོངས་དང་འཕྱུགས་མེད་ཀྱིས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྲིད་བྱུས་ལག་བསྟར་བྱེད་པར་སྔར་ལྷག་ཤུགས་གནོན་དགོས་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༠༡

Leave a Reply