རྒྱལ་ཁབ་གསུམ་བར་གྱི་དད་ལྡན་པ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༡༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་ནང་གི་བོད་མི་ཚོའི་ཕྱི་སྐྱོད་ལག་འཁྱེར་ས་གནས་སྲིད་གཞུང་གིས་ཕྱིར་བསྡུ་བྱེད་བཞིན་འདུག་ཟེར། ཧོང་ཀོང་དང་ཐའེ་ལན་ཌི། བལ་ཡུལ་སོགས་སུ་ཕྱིན་ཟིན་པའི་ཡུལ་སྐོར་སྤྲོ་འཆམ་དང་གནས་མཇལ་གཉེན་འཕྲད་པ་དག་གི་ནང་མིར་ཡང་གནོན་ཤུགས་སྣ་ཚོགས་སྤྲད་དེ། དུས་བཅད་ནང་ཚུན་དུ་ཕྱིར་ལོག་བྱས་ཏེ་སྲིད་གཞུང་ལ་ཐོ་འགོད་མ་བྱས་ཚེ། མིང་ཐོ་ནག་པོའི་ནང་འཇོག་རྒྱུ་ཡིན་སྐོར་དང་དངུལ་དངོས་ཀྱི་ཉེས་ཆད་གཅོད་རྒྱུ། དེ་བཞིན། ཁྱིམ་དེར་གཞུང་གི་ལས་བྱེད་ཡོད་ན་གནས་དབྱུང་དང་། སློབ་ཕྲུག་ཡོད་ན་མདུན་ལམ་མེད་སྐོར། ཐ་ན་ཆབ་སྲིད་ཁེ་དབང་འཕྲོག་རྒྱུ་དང་འཛིན་བཟུང་བཙོན་འཇུག་སོགས་ཀྱི་འཇིགས་སྐུལ་ཡང་གཏོང་བཞིན་ཡོད་འདུག

བྱེད་སྟངས་འདི་དབུས་གཞུང་གི་བཀའ་ཁྱབ་ཡིན་ནམ། ས་གནས་སོ་སོའི་ཐག་གཅོད་གང་ཡིན་གསལ་ཁ་མེད་ཀྱང་། རྒྱ་ནག་གིས་བཅད་བཟུང་བྱས་པའི་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་སོགས་སུ་གཅིག་གྱུར་ལག་བསྟར་བྱེད་བཞིན་ཡོད་པ་དངོས་ཡོད་རེད། ལོ་བཅུའི་རིང་ཕྱི་རྒྱལ་དུ་བསྐྱོད་པར་དགག་བྱ་མེད་པའི་ཐེལ་དང་ཐམ་ཀ་རྒྱབ་ཡོད་པའི་ལག་འཁྱེར་ཁག་རྒྱུ་མཚན་ཁ་གསལ་མེད་པར་ཕྱིར་བསྡུ་བྱེད་པ་དང་། ཕྱི་ཕྱོགས་སུ་ཕྱིན་ཟིན་པ་ཚོར་ཡང་དངོས་ཤུགས་བརྒྱུད་གསུམ་ནས་ཚོད་འཛིན་དང་བཀག་སྡོམ་བྱེད་པའི་ནག་ཉེས་དེ་དོ་བདག་སོ་སོས་འཁུར་དགོས་སམ་སྲིད་གཞུང་གིས་འཁུར་དགོས། ཡང་ན་ས་གནས་སོ་སོའི་ཁྲིམས་འགལ་ལག་བསྟར་བྱེད་མཁན་དག་གིས་འཁུར་དགོས།

ཟླ་ཤས་གོང་ནས་རྒྱ་ནག་ནང་ནང་གི་རྒྱལ་སྤྱིའི་གནམ་ཐང་ཁག་ཏུ་བོད་རིགས་ཕྱི་སྐྱོད་པ་ཚོའི་རྒྱབ་ཁུག་སྟེང་ཤོག་ལེབ་ཅིག་སྦྱོར་བཞིན་ཡོད་པ་དང་། ཤོག་ལེབ་གསེབ་ཏུ་ཟངས་སྐུད་ལྟ་བུའི་ལྕགས་རིགས་ཤིག་བཞག་ཡོད་པ་ཤེས་རྟོགས་བྱུང་སྟབས། འགྲུལ་བཞུད་པ་ཚོས་དེ་ནི་འཚོལ་བཤེར་མ་ལག་(GPS)ལྟ་བུའི་བྱེད་ལས་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཨེ་ཤ་ཡའི་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཏུ་ཟངས་སྐུད་དེར་ས་འོག་དར་ཐག་འཐེན་ཡོད་པ་མ་ཟད། ཀྲུང་གོའི་བལ་ཡུལ་ཉེན་རྟོག་པས་ཀྱང་མཁའ་ལམ་ནས་རྒྱ་ནག་གི་དར་སྐུད་དེར་སྲི་ཞུ་བསྒྲུབས་ཏེ། གནས་མཇལ་དུ་ཡོང་མཁན་བོད་པ་ཚོ་རྟོག་ཞིབ་བཀག་སྡོམ་བྱེད་བཞིན་ཡོད་འདུག

རྒྱ་ནག་གི་མིག་འབེན་གཙོ་བོ་༧གོང་ས་མཆོག་གི་དུས་འཁོར་དབང་ཆེན་རེད། ཐེངས་འདིའི་དུས་དབང་གི་སྦྱིན་བདག་གཙོ་བོ་བོད་མིའི་སྒྲིག་འཛུགས་རེད། ན་ནིང་བཀའ་ཤག་གིས་དུས་དབང་སོ་བཞི་པ་བསྐུར་རྒྱུ་ཡིན་སྐོར་དང་། ཉིས་སྟོང་བཅུ་གཉིས་ལོར་བོད་ནས་ཆོས་ཞུ་བ་བརྒྱད་སྟོང་ལྷག་ཕེབས་ཡོད་སྐོར་བསྒྲགས། དེའི་རྗེས་ལ་དུས་འཁོར་དབང་ཆེན་འཕར་འགྱངས་བྱས་ལུགས་བཤད་དེ་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་ཆགས། ད་ལོའི་ཕྱི་ཟླ་བརྒྱད་པའི་ནང་སླར་ཡང་ལོ་རྗེས་མའི་ལོ་མགོར་དུས་དབང་ཡོད་སྐོར་དང་། བོད་ནས་ཆོས་ཆུ་བ་མང་པོ་ཕེབས་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད་ལུགས་སོགས་བསྒྲགས།

ད་ལོ་དུས་འཁོར་དབང་ཆེན་ཇེ་ཉེར་སོང་བ་དང་བསྟུན་ཏེ། རྒྱ་གར་སྲིད་བློན་མུ་དྷེ་ཡིས་དངུལ་སྒོར་གྱི་མུད་པས་བཙིར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཕྱི་སྐྱོད་ལག་འཁྱེར་གྱི་རྐང་པས་འཐེན། དྷ་རམ་ས་ལའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མུ་མཐུད་དུ་ཨ་རི་དང་ཡུ་རོབ་སོགས་ནས་དུས་འཁོར་དབང་ཆེན་བསྒྲགས་ཏེ། དུས་དབང་ཐེངས་སོ་བཞི་པ་དེ་སླར་ཡང་དཀའ་ཚེགས་ཅན་ཞིག་གི་ངོ་བོར་བསྒྱུར་སོང་། བཀའ་ཤག་གིས་ཛ་དྲག་གི་ཚོགས་འདུ་བསྐངས་ཏེ་དབུས་སྣེ་ལེན་ཁང་ལ་བོད་ནས་ཕེབས་མཁན་ཚོར་བཞུགས་གནས་དང་ཞལ་ལག་ཙམ་གོ་སྒྲིག་ཞུས་ཡོད་ཀྱང་། དེ་ནི་འཆར་ཅན་དང་རྒྱུན་ལྡན་ཙམ་ལས་མེད་སྟབས། ཆོས་ཞུ་བ་ཚོའི་དཀའ་ངལ་དང་འཇིགས་སྣང་སྔར་ལས་ཇེ་ཆེ་ནས་ཇེ་ལྕིར་འགྱུར་བཞིན་ཡོད་དོ།།

བསྐྱར་བཅོས།: ༢༠༡༦/༡༡/༣༠

Leave a Reply