རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་ལ་རྗེས་དྲན་ཞུས།

ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་པར་རིས་མང་པོ་འགྲེམས་སྟོན་བྱས་ཏེ་ཁོང་གིས་བོད་བསྟན་སྲིད་ཐོག་བཞག་པའི་མཛད་རྗེས་ལ་རྗེས་དྲན་ཞུས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། དྷ་ས་བོད་ཀྱི་འགྲེམས་སྟོན་ཁང་དུ། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག “མཚན་ཞབས་ངག་དབང་རྡོ་རྗེ་མཆོག་ལ་རྗེས་དྲན་ཞུ་བ” ཞེས་པའི་བོད་སོག་ལོ་རྒྱུས་དང་འབྲེལ་བའི་པར་རིས་འགྲེམས་སྟོན་དང་བརྙན་ཐུང་གཟིགས་འབུལ་བཅས་གནང་སོང་། འགྲེམ་སྟོན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སང་གེ་མཆོག་ཕེབས་འདུག་པ་དང་། གཞན། ཨུ་རུ་སུའི་བྷུར་ཡ་ཋི་ནས་ཕེབས་པའི་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་གི་མི་ཐོག་མཐའ་མ་ཚ་མོ་སན་ཌ་ཇེ་ཝ་ (Vilena Sandjieva) ལགས་དང་། མཚན་ཞབས་ངག་དབང་རྡོ་རྗེ་མཆོག་གི་ཐེབས་རྩའི་ཚོགས་གཙོ་ཏར་པ་བླ་མ་ལགས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། བྷུར་ཡ་ཋི་ནས་ཕེབས་པའི་འབྲེལ་ཡོད་མི་སྣ་ཁག་ཅིག་དང་དྷ་ས་མི་མང་ཁག་ཅིག་བཅས་འཛོམས་འདུག

མཚན་ཉིད་མཁན་པོར་འབོད་པའི་མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་མཆོག་ནི་ ༡༨༥༤ ལོར་ཨུ་རུ་སུའི་ཤར་རྒྱུད་ཀྱི་བྷུར་ཡ་ཋི་ (Buryatia) སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་ཨུ་ཌི་ (Ulan-Ude) ཉེ་འཁྲིས་ཀྱི་ཁཱ་ར་ཤཱི་བྷིར་ཞེས་པའི་གྲོང་གསེབ་ཅིག་ཏུ་སྐུ་འཁྲུངས་པ་དང་། དགུང་ལོ་ ༡༨ སྟེང་བུ་མོ་ཁོ་ལིང་ཚོགས་ཟེར་བ་ཞིག་དང་འཁྲུང་ས་བསྐྱོན་ཡོད་པ་དང་། ལོ་གཅིག་གི་རྗེས་སུ་ཁོང་གི་ཡབ་དགུངས་པ་རྫོགས་རྗེས། ཁོང་གིས་ཁྱིམ་སྤངས་ཏེ་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་གནང་ཆེད། གསང་བའི་སྒོ་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཀྱང་། འཚོ་བའི་མཐུན་རྐྱེན་གྱི་དཀའ་ངལ་འོག་ཕྱིར་སོག་པོར་ལོག་དགོས་བྱུང་ཡོད་པ་དང་། ༡༨༧༨ ལོར་སླར་ཡང་བོད་དུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་པ་དང་། ཕྱི་ལོ་ ༡༨༨༨ ལོར་སྒོ་མང་གྲྭ་ཚང་ནས་བསླབ་པ་མཐར་སོན་ཏེ་དགེ་ལུགས་པའི་གཞུང་ལུགས་ལ་སྦྱངས་འབྲས་རྩེ་ཕུད་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས། ཁོང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཚན་ཞབས་པར་བསྐོ་བཞག་བྱས་ཡོད་པ་དང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་གཟིགས་པ་ཆེན་པོ་ཐོབ་སྟེ། ཁོང་ནི་བོད་སོག་གཉིས་བར་གྱི་འབྲེལ་ལམ་དང་། ལྷག་པར་དུ་ ༡༩༠༩ ལོར་ཁོང་གིས་སན་པི་ཊར་སི་བྷག་ཏུ་ནང་པའི་དགོན་པ་གསར་བཞེངས་གནང་བ་དེ་ནི་ཕྱིའི་རྒྱལ་ཁབ་ཏུ་ནང་པའི་དགོན་པ་གསར་བཞེངས་གནང་བ་ཐོག་མ་དེ་ཆགས་ཡོད་པ་དང་། ༡༩༡༣ ལོར་ཁོང་གིས་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་བདེན་དབང་བྱེད་ཆེད། བོད་སོག་ཆིངས་ཡིག་ཐོག་བོད་ཕྱོགས་ཀྱི་མཚན་རྟགས་བཀོད་ཡོད་པ་རེད།

མཚན་ཞབས་ངག་དབང་རྡོ་རྗེ་མཆོག་གིས་ནང་བསྟན་ཆོས་བརྒྱུད་བསྐྱར་གསོའི་ལས་འགུལ་གྱི་མགོ་ཁྲིད་གནང་སྟེ། སྐུ་ཚེ་ཧྲིལ་བོར་ཨུ་རུ་སུའི་ཁེ་ཕན་དང་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་པ་ཚོའི་བདེ་དོན་ཆེད་དུ་སྐུ་ལས་བསྐྱོན་ཡོད་པ་མ་ཟད། ཁོང་ནི་ཆོས་ཕྱོགས་ཀྱི་སློབ་དཔོན་དང་ནང་པའི་མཁས་པ་བཅས་ཡིན་ཞིང་། ལོ་རྒྱུས་ཀྱི་དཀའ་ཚེགས་ཆེ་བའི་དུས་སྐབས་དེར། ཁོང་གིས་ཨུ་རུ་སུའི་ནང་པའི་སྤྱི་ཚོགས་དང་། ཨེ་ཤ་ཡའི་དབུས་ཁུལ་གྱི་བོད་སོག་གཉིས་བར་ཆོས་ཕྱོགས་ཀྱི་མཐུན་འབྲེལ་ཆེད་སྐུ་ལས་ཆེན་པོ་བསྐྱོན་ཡོད་འདུག ༡༩༣༧ ལོར་ཨུ་རུ་སུ་དམར་པོའི་གཞུང་གིས་ཁོང་ནི་གསར་བརྗེ་ངོ་ལོག་པ་དང་། སོག་པོའི་རིང་ལུགས་རྒྱ་སྐྱེད་གཏོང་མཁན། དེ་བཞིན། དྲག་སྤྱོད་པ་སོགས་ཀྱི་ཉེས་མིང་འོག འཛིན་བཟུང་བཙོན་འཇུག་བྱས་ཏེ་ ༡༩༣༨ ལོའི་ཟླ་ ༡ ཚེས་ ༢༩ ཉིན་བཙོན་ཁང་དུ་སྐུ་གཤེགས་ཡོད་འདུག

འགྲེམ་སྟོན་དབུ་འབྱེད་སྐབས་སྲིད་སྐྱོང་བློ་བཟང་སང་གེ་མཆོག་གིས། འགྲེམས་སྟོན་ཁང་གི་ལོ་རྒྱུས་ཀྱི་པར་རིས་ལ་བལྟས་པ་ཡིན་ན། མཚན་ཞབས་ངག་དབང་རྡོ་རྗེ་མཆོག་འབྲས་སྤུངས་དགོན་པར་ཕེབས་ཏེ་དཔེ་གཟིགས་མཛད་དེ་དགེ་བཤེས་ལྷ་རམས་པ་ཐོན་ཡོད་པ་དང་། སྐབས་དེར་ཁོང་དགུང་ལོ་ ༣༤ ཡིན་སྟབས། ཁོང་དཔེ་ཆར་ཞེ་དྲགས་ཡག་པོ་ཡོད་ས་རེད། ལོ་དེར་ཁོང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཚན་ཞབས་སུ་བསྐོས་ཡོད་པ་དང་། སྐབས་དེར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དགུང་ལོ་ ༡༢ ལ་ཕེབས་ཡོད་པ་དང་། ཁོང་ལ་མཚན་ཞབས་ ༧ ཡོད་པའི་གྲས་ཀྱི་གཅིག་ཡིན་ཞིང་། ཁོང་གིས་བོད་ཐོག་སྐུ་ལས་བསྐྱོན་ཡོད་པ་དང་། དམིགས་བསལ་ཨུ་རུ་སུར་ཕེབས་ཏེ་རྒྱ་གར་ནས་ཨུ་རུ་སུའི་ཨི་གྷི་ཊ་ཡིས་ཀི་དགོན་པའི་ནང་ཙན་དན་ལས་གྲུབ་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཞིག་གདན་འདྲེན་ཞུས་ཡོད་པ་དང་། དགོན་པ་དེ་ཡང་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་གིས་ ༡༩༠༩ ནས་ ༡༩༡༡ བར་ལོ་ ༥ རིང་སྐུ་ལས་བསྐྱོན་ནས་ཕྱག་བཏབ་ཡོད་པ་དང་། དེར་མ་ཟད། ཨུ་རུ་སུ་ནས་ཁོང་གིས་ནང་པའི་རྒྱལ་ཁབ་ཚང་མར་འབྲེལ་བ་བྱས་ཏེ་ནང་ཆོས་ཁྱབ་སྤེལ་གནང་འདུག ༡༩༠༣ ནས་ ༤ བར་བོད་དུ་དབྱིན་ཇིའི་དམག་མི་སླེབས་སྐབས། ཕལ་ཆེར་བོད་ལ་ཕྱག་རོགས་གནང་མཁན་གཙོ་བོ་ཁོང་ཡིན་ས་རེད། གང་ཡིན་ཟེར་ན། ཁོང་སོག་པོ་ཡིན་སྟབས་ཨུ་རུ་སུའི་རྒྱབ་རོགས་ཞུས་ཡོད་པ་དང་། ༡༩༢༢ ལོར་སན་པི་ཊར་སི་བྷག་ཏུ་རྟེན་གཞི་བྱས་པའི་ནང་པའི་དགོན་པ་ཡོད་སར་སྐུ་ཚབ་དོན་ཁང་བཙུགས་ནས་ཕྱག་ལས་གནང་སྟེ་ཧ་ལས་པའི་སྐུ་ལས་བསྐྱོན་ཡོད་འདུག

ལོ་རྒྱུས་ཀྱི་ཐོག་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ། ༡༩༡༣ ལོར་སོག་པོའི་རྒྱལ་ས་ཨུར་ག་རུ་བོད་སོག་གཉིས་བར་ཆིངས་ཡིག་འཇོག་སྐབས། ཁོང་གིས་བོད་རང་བཙན་རྒྱལ་ཁབ་ཡིན་པའི་དབང་རྟགས་སུ་ཆིངས་ཡིག་ཐོག་མཚན་རྟགས་བཀོད་གནང་ཡོད་པ་དང་། ཁོང་ནི་བོད་ཀྱི་སྐུ་ཚབ་དང་ལྷན་དུ་བོད་ཀྱི་ཚབ་བྱས་ཏེ་བོད་སོག་ཆིངས་ཡིག་ལ་མཚན་རྟགས་བསྐྱོན་མཁན་ཚོའི་གྲས་སུ་ཡོད་སྟབས། དེ་ནི་རླབས་ཆེན་གྱི་མཛད་རྗེས་ཆེན་པོ་ཞིག་ཡིན་པ་དང་། ཁོང་ནི་བོད་ཀྱི་ཆོས་སྲིད་ལ་ཐུགས་སྣང་གནང་མཁན་ཞིག་ཡིན་པ་དང་། སྤྱིར་བོད་ཀྱི་ཆོས་སྲིད་ཐོག་སློབ་སྟོན་པ་མང་པོ་ཡོད་པའི་གྲས་ནས་གཅིག་དེ་མཚན་ཞབས་ངག་དབང་རྡོ་རྗེ་ལགས་ཡིན་འདུག་བསམ་བསམ་བྱུང་། སྐབས་དེར་ཁོང་བོད་སོག་ཆིངས་ཡིག་ལ་མཚན་རྟགས་འཁོད་མཁན་གྲས་སུ་ཡོད་སྟབས། ཁོང་ནི་བོད་དོན་དང་བོད་རྒྱལ་ཁབ་སྤྱི་ཡོངས་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་པ་གསལ་བོ་རེད།

ངས་ནམ་རྒྱུན་དེ་ལྟར་ཡིད་ཆེས་བྱེད་ཀྱི་ཡོད་ལ། ནང་ཆོས་འཛམ་གླིང་ལ་ག་ཚོད་སྤེལ་བ་དང་། ནང་པ་ག་ཚོད་བྱུང་བ་ཡིན་ན་དེ་ལ་བརྟེན་ནས་བོད་བསྟན་སྲིད་ཡུན་གནས་ཐུབ་པ་དང་། ང་ཚོར་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་མཁན་ཡོང་གི་ཡོད་པ་རེད་དེ། གནས་སྟངས་ལ་འབབ་པའི་གནས་ཚུལ་ལ་འགྱུར་བ་འགྲོ་གི་ཡོད་པ་དང་། ནང་པའི་ཆོས་ཀྱི་གྲོགས་པོ་དེ་ཚོ་ཡིན་ན་ཁོང་ཚོར་འགྱུར་བ་མེད་པར་བརྟན་པོར་སྡོད་ཀྱི་ཡོད་པ་དང་། ནང་ཆོས་བརྒྱུད་ནས་ཕན་ཚུན་བར་ཚོར་བ་དང་བརྩེ་བ་ཡོང་གི་ཡོད་པ་གསལ་བོ་ཡིན་པ་དང་། དེར་བརྟེན། དེ་རིང་འདིར་ལོ་རྒྱུས་ཐོག་ནས་ཡིན་ནའང་། བྷུར་ཡ་ཋི་མཁར་མིག་སོགས་གཙོས་པའི་ནང་པའི་ཆོས་ཀྱི་གྲོགས་པོ་ཚོས་ང་ཚོ་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་བདེན་དབང་ཡིག་ཆ་དང་མཚན་རྟགས་བཀོད་གནང་ཡོད་པ་དང་། ལོ་རྒྱུས་ཀྱི་པར་རིས་དང་ཡིག་ཆ་དེ་དག་ཡང་ཁོ་ཚོས་སྐུ་ལས་བསྐྱོན་ནས་ཉར་ཚགས་གནང་ཡོད་སྟབས། ང་ཚོའི་ངོས་ནས་ཧ་ཅང་དགའ་སྤོབས་བྱེད་དགོས་པ་ཞིག་དང་། དམིགས་བསལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་ཆགས་ཡོད་པ་རེད། ཅེས་སོགས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། ཆོས་རྒྱལ་ཨ་ཤཱོ་ཀ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་ནང་ནང་ཆོས་རྒྱུན་གནས་ཐུབ་པ་བྱུང་བ་དང་། དེ་ལ་བརྟེན་ནས་རྒྱ་གར་རྒྱལ་ཁབ་ཀྱང་རྒྱུན་གནས་ཐུབ་པ་བྱུང་ཡང་། དུས་རབས་བཅུ་གསུམ་པར་དཔལ་ཎ་ལན་ཊ་གཏོར་བཤིག་བཏང་ནས་ནང་ཆོས་ཉམ་རྒུད་བྱུང་ཡོད་པ་དང་། བོད་ནང་དུས་རབས་བདུན་པ་བརྒྱད་པ་ནས་སྐུ་ལས་བསྐྱོན་ནས་ལོ་ལྟར་རྒྱ་གར་འཕགས་ཡུལ་ལ་ཕེབས་ནས་ལེགས་སྦྱར་སྐད་སྦྱང་ནས་བཀའ་འགྱུར་བསྟན་འགྱུར་ཚང་མ་བོད་ཡིག་ནང་བསྒྱུར་ཏེ། བོད་ལ་གདན་འདྲེན་ཞུ་ཐུབ་ཡོད་པར་བརྟེན། བོད་ལ་ནང་པ་སངས་རྒྱས་པའི་བསྟན་པ་དར་བ་རེད། ཡིན་ནའང་རིག་གནས་གསར་རྗེའི་སྔ་རྗེས་སུ། བོད་ནང་གི་དགོན་སྡེ་ཚང་མ་གཏོར་བཤིག་བཏང་བ་རེད་དེ། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ཏེ་ཁོང་གི་ལམ་སྟོན་གཞིར་བཟུང་སྦག་སར་ཡོད་པའི་དགེ་འདུན་པ་ཚོས་སྐུ་ལས་བསྐྱོན་ནས་ས་རྡོའི་ཁང་པ་རྩིག་པ་བཞིན། རིམ་པས་དགོན་སྡེ་གལ་ཆེན་ཁག་བཙན་བྱོལ་ནང་བསྐྱར་གསོ་གནང་བའི་བཀའ་དྲིན་ལ་བརྟེན། ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་། ནང་པའི་ཆོས་ཉམས་ལེན་བྱེད་མཁན་དང་ནང་བསྟེན་དར་སྤེལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ནང་བསྟེན་དར་སྤེལ་བྱས་པའི་བཀའ་དྲིན་ལ་བརྟེན་ཏེ་ཆོས་གྲོགས་མང་པོ་རག་གི་ཡོད་པ་དང་། རྒྱ་གར་ནང་ཡིན་ནའང་། ནང་ཆོས་བསྐྱུར་གསོ་ཐུབ་ཀྱི་ཡོད་པ་དང་། བོད་ནང་ཡིན་ནའང་། རྒྱ་ནག་གིས་ནང་བསྟེན་ལ་གཞི་བཞག་པའི་བོད་ཀྱི་དཔལ་ཡོན་དེ་གཏོར་བཤིག་བཏང་ཚར་བ་དང་། རྒྱལ་ཁབ་མེད་པ་བཟོས་ཚར་ཡིན། བོད་རིགས་རྒྱ་རིགས་ལ་བསྒྱུར་ཚར་ཡིན་ཞེས་ཟེར་གྱི་ཡོད་ནའང་། ང་ཚོས་རིམ་པས་དཀའ་ལས་བརྒྱབ་སྟེ་རྒྱ་གར་ནང་གཅིག་པུ་མིན་པར། བོད་ནང་ཡིན་ནའང་ནང་པ་སངས་རྒྱས་ཆོས་བསྐྱར་གསོ་དང་། འཛམ་གླིང་ཡོངས་ལ་ནང་ཆོས་དར་སྤེལ་བྱེད་ཐུབ་ཡོད་པ་དང་། དེ་ང་ཚོའི་བྱས་རྗེས་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། ཅེས་བརྗོད་སོང་།

ཏར་པ་བླ་མ་ལགས་ཀྱིས་གཏམ་བཤད་གནང་བ་ཝར་ཎ་མཐོ་སློབ་ཀྱི་སློབ་མ་གངས་དཀར་མེ་ཏོག་མཚོས་སྐད་སྒྱུར་གནང་བ་ལྟར་ན། ས་ག་ཟླ་བའི་དུས་ཆེན་དང་བསྟུན་ཏེ་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་འབྲེལ་བའི་པར་རིས་སྤྱིན་འབུལ་ཞུ་ཐུབ་པ་བྱུང་བར་ཁོ་ཚོ་ཚང་མ་ཧ་ཅང་དགའ་བོ་བྱུང་ཡོད་པ་དང་། དུས་རབས་སྔོན་མ་ནས་བཟུང་ཨུ་རུ་སུ་དང་བོད་རྒྱལ་ཁབ་གཉིས་བར་ཆོས་སྲིད་དང་རིག་གཞུང་གི་འབྲེལ་བ་ཟབ་མོ་ཡོད་པ་དེ་རྒྱུན་འཁྱོངས་བྱས་ཏེ། མ་འོངས་པར་མུ་མཐུད་རྒྱུན་གནས་ཐུབ་ཐབས་སུ་ལོ་རྒྱུས་ཀྱི་པར་རིས་སྤྱན་འབུལ་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་བརྒྱུད་ནང་བསྟེན་དར་སྤེལ་བྱེད་ཆེད་ ༡༩༢༥ ལོར་བོད་ནས་གྲྭ་བ་བརྒྱ་ཨུ་རུ་སུར་མངགས་གཏོང་གནང་བར་བརྟེན་ཏེ། ཨི་གྷི་ཏ་ཡིས་ཀི་དགོན་པ་དེ་རྒྱུན་གནས་ཐུབ་པ་བྱུང་བ་དང་། ཁོང་ད་ལྟ་དགོན་པའི་དགོན་བདག་ཆགས་ཡོད་འདུག

ལྕམ་སན་ཌ་ཇེ་ཝ་ལགས་ཀྱིས་གསར་འགོད་པར། ཁོང་མོ་མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་མཆོག་གི་ཚ་མོ་ཡིན་པ་དང་ད་ལྟ་དགུང་ལོ་ ༧༩ ཡིན་ཞིང་། ཐེངས་འདིར་ཆེད་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་བཅར་ཞུ་བར་ཡོང་བ་དང་། ཁོང་མོས་བོད་མིའི་ལྟེ་གནས་རྒྱ་གར་བྱང་ཕྱོགས་དྷ་མར་ས་ལར་གཟིགས་སྐོར་བྱས་པ་དང་བསྟུན་ཏེ་ཨ་ཞང་ལ་རྗེས་དྲན་ཞུས་པ་དང་། ཁོང་མོའི་ཨ་ཞང་ནི་ཨུ་རུ་སུའི་སྐྱེ་བུ་རླབས་ཆེན་ཞིག་ཡིན་པ་དང་། ཁོ་ཚོའི་དགོན་པའི་ནང་ཁོང་གི་སྐུ་བརྙན་དང་གསུང་འབུམ་མང་པོ་ཡོད་དང་། ༡༩༠༤ ལོར་ཨུ་རུ་སུར་ཁོང་མོའི་ཨ་ཞང་གིས་བཞེངས་པའི་དཔེ་ཁང་ཆེན་པོ་བཞི་ཡོད་པ་དང་། ཁོང་མོའི་ཨ་ཞང་ནི་བོད་ཀྱི་དཔལ་ཡོན་ཁྲོད་ཀྱི་ལོ་རྒྱུས་མི་སྣ་གལ་ཆེན་ཞིག་ཡིན་པར་ཁོང་མོར་བློ་སྤོབས་སྐྱེས་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༠༩

Leave a Reply