རྒྱལ་སྤྱིའི་སྐྱབས་བཅོལ་རིག་གཞུང་འཁྲབ་སྟོན་ཉིན་མོར་བོད་པ་མཉམ་ཞུགས་གནང་།

ཨ་རིར་གནས་སྡོད་བོད་མི་ཚོས་རྒྱལ་སྤྱིའི་སྐྱབས་བཅོལ་བའི་རིག་གཞུང་ཁྲོམ་སྐོར་འཁྲབ་སྟོན་ཉིན་མོ་སྲུང་གཙི་ཞུས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་འགྲེམ་སྟོན་བྱས་ཡོད་འདུག

ཁ་སང་ཕྱི་ཟླ་ ༦ པའི་ཚེས་ ༡༧ ཉིན་ནི། རྒྱལ་སྤྱིའི་གནས་སྤོ་བ་དང་སྐྱབས་བཅོལ་བའི་རིག་གཞུང་འཁྲབ་སྟོན་ཉིན་མོ་(Annual Immigrants Parade)ཞེས་པ་དེ་ཡིན་པ་དང་། འདི་ལོར་ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ནེའུ་ཡོག་གྲོང་ཁྱེར་གྱི་ས་གནས་མེན་ཧ་ཏྲེན་(Manhattan)གཞུང་ལམ་ལྔ་པ་དང་དྲུག་པ་གཉིས་བར་དང་། སྲང་ལམ་ཞེ་བཞི་པ་བཅས་སུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གོ་སྒྲིག་ཞུས་ཡོད་འདུག

སྐབས་དེར་ཨ་རིའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གཙོས་པའི་ཚོགས་པ་སྐྱིད་སྡུག་ཁག་དང་། བོད་རིགས་མི་མང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་མཉམ་ཞུགས་གནང་ཡོད་པ་དང་། མེན་ཧ་ཏྲེན་གྲོང་ཁྱེར་ནང་ཉིན་དགུང་ཆུ་ཚོད་ ༡༢ ནས་ཕྱི་དྲོའི་ཆུ་ཚོད་ ༣ པ་བར་གོམ་བགྲོད་བྱས་ཡོད་འདུག

ད་ལོ་ནི་རྒྱལ་སྤྱིའི་གནས་སྤོ་བའི་རིག་གཞུང་ཁྲོམ་སྐོར་ཉིན་མོ་ཐེངས་ ༣༢ པ་དེ་ཡིན་པ་དང་། དེར་རྒྱལ་ཁབ་འདྲ་མིན་གྱིས་མཉམ་ཞུགས་བྱས་ཏེ་རང་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲེམ་སྟོན་གནང་གི་ཡོད་པ་དང་། འདི་ལོར་ཨ་རི་དང་ཨེལ་བ་ཎི་ཡཱ། ཝི་ཊི་ནཱམ། བོད་བཅས་རྒྱལ་ཁབ་ ༤ མཉམ་ཞུགས་གནང་ཡོད་འདུག

འདི་ག་གསར་ཁང་གིས་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཕུར་བུ་སྒྲོན་མ་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་བྱས་པར་ཁོང་མོས་བརྗོད་དོན། དེ་རིང་ང་ཚོ་བུད་མེད་ལྷན་ཚོགས་ཀྱིས་འགན་འཁུར་བའི་ཐོག་ནས་ལས་འགུལ་དེར་མཉམ་ཞུགས་བྱེད་ཀྱི་ཡོད། གོ་སྐབས་དེ་བོད་དོན་ལས་འགུལ་གྱི་གོ་སྐབས་ཡག་ཤོས་ཤིག་ཆགས་ཡོད། ཁྲོམ་སྐོར་འདི་བརྒྱུད་དེ་འཛམ་གླིང་མི་མང་ལ་བོད་དང་རྒྱ་ནག་གཉིས་སྐད་ཡིག་ཙམ་མིན་པར་རིག་གཞུང་གོམས་སྲོལ་གང་ཐད་ནས་ཁ་ཁ་སོ་སོ་ཡིན་པ་གསལ་སྟོན་དང་ཁྱབ་བསྒྲགས་བྱེད་ཐུབ་ཀྱི་ཡོད་པ་རེད། ལས་འགུལ་འདིར་བོད་རིགས་སྤྱི་མཐུན་ཚོགས་པ་གཙོ་བྱས་ཏེ་ཚོགས་པ་སྐྱིད་སྡུག་མང་པོ་ཞིག་གིས་རང་རང་གི་ཆས་གོས་དང་རིག་གཞུང་འཁྲབ་སྟོན་བྱེད་པའི་རྣམ་པའི་ཐོག་ནས་ལས་འགུལ་གྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༦/༡༩

Leave a Reply

One thought on “རྒྱལ་སྤྱིའི་སྐྱབས་བཅོལ་རིག་གཞུང་འཁྲབ་སྟོན་ཉིན་མོར་བོད་པ་མཉམ་ཞུགས་གནང་།

  1. གང་ལྟར་གང་བཤད་ན་མ་བཤད་ཧྥ་རན་སི་ཕྱོགས་ལ་མཚོན་ན་དོན་བཅོད་དང་ཚོགས་པ་དག་གསར་པ་སྐྱབས་བཅོལ་ཞུ་མཁན་རྣམས་ལ་ཕན་ཐོག་པའི་ལས་བྱེད་ཀྱི་མི་འདུག གཞན་ཕར་བཞག་ཤོག ངོས་འབྱོར་དེ་ཚོ་མ་སྤྲད་པ་དཀའ་ལས་འདུག་ཟེར།བོད་མི་བདག་པོ་མ་རྒྱག་པ་དང་རོགས་པ་མ་བྱེད་པ་།ལས་འགུལགཞན་ག་རེ་སྤེལ་ཡ་ཡོག་རེད།གང་ལྟར་བདག་པོ་རྒྱག་མཁན་ཡེ་ཤུ་ཡི་ཅོགས་ཚོགས་རེད་བཞག
    ཧ་གོ་སོང་ངམ།