རྙོག་གླེང་ཁྲོད་ཀྱི་བོད་པའི་མཛངས་མ་འགྲན་བསྡུར།

སི་ཨིན་ཨིན་(CNN)གསར་ཁང་གིས་ ༢༠༡༧།༦།༥ ཉིན་སྤེལ།
སྐུ་ཞབས་སུ་གྷམ་པོ་ཁ་རེལ་(Sugam Pokharel)གྱིས་ཕྱོགས་བསྡུས།

བོད་ཀྱི་མཛངས་མ་འགྲན་བསྡུར་དེ་ལས་སླ་བོ་ཞིག་ག་ལ་ཡིན། དེ་ལ་སྦྱིན་བདག་ཡག་པོ་མེད་ལ། ཐོག་མ་འགྲན་ཞུགས་བུ་མོ་འཚོལ་རྒྱུ་དང་མཐའ་མར་ཟུར་དཔང་བ་རེག་རྒྱུ་སོགས་ཀྱང་ལས་སླ་བོ་མིན་པ་མ་ཟད། ལས་འགུལ་འདིར་རྙོག་དྲའི་སྦྲིད་སྨན་སྤྲད་དེ་བསམ་བཞིན་དུ་མགོ་རྙོག་ནང་གཡུག་ཐབས་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་འདུག

བོད་ཀྱི་མཛངས་མར་དགའ་བསུ་ཞུ།

རྒྱ་གར་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཆུང་ཆུང་དྷ་རམ་ས་ལར་བདུན་ཕྲག་སྔོན་མའི་གཟའ་ཉི་མའི་དགོང་མོར། བཙན་བྱོལ་བོད་མིའི་མཛངས་མ་འགྲན་བསྡུར་ཐེངས་ ༡༥ པ་དེ་ཚོགས་ཡོད། དྷ་རམ་ས་ལ་ནི་༸གོང་ས་མ་ཏཱ་ལའི་བླ་མ་མཆོག་གི་བཞུགས་གནས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཨ་མ་ཆགས་ས་ལྟེ་བ་རེད།

འདི་ལོའི་མཛངས་མ་འགྲན་བསྡུར་ནང་བུ་མོ་ ༩ ཞུགས་ཡོད་པ་དང་། ད་སྔའི་བོད་ཀྱི་མཛངས་མ་འགྲན་སྐབས་རིམ་པའི་འགྲན་ཞུགས་པ་མང་ཤོས་དེ་ཆགས་འདུག འོན་ཀྱང་། ད་ལོའི་འགྲན་ཞུགས་བུ་མོ་དག་གི་ཁྲོད་དུ་བོད་ནང་ཕྱིན་ཏེ་བོད་དངོས་སུ་མཐོང་མཁན་གཅིག་ཀྱང་མི་འདུག ཁོང་ཚོ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གཙོས་པའི་བོད་མི་རྣམས་ས་མཚམས་བརྒལ་ཏེ་བཙན་བྱོལ་དུ་འབྱོར་རྗེས། ༡༩༦༠ ལོར་གསར་འཛུགས་གནང་བའི་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་བོད་མི་འབུམ་གཅིག་ལྷག་ཡོད་པའི་ཁྲོད་ནས་འཚར་ལོངས་བྱུང་བ་རྐྱང་རེད་འདུག

ད་ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་སྟེ་མཛངས་མའི་དབུ་རྒྱན་བཞེས་མཁན་ཁོང་མོ་རང་ལོ་ ༢༡ ཡིན་པའི་བསྟན་འཛིན་དཔལ་སྒྲོན་ལགས་རེད། བོད་ཀྱི་མཛངས་མ་གོ་སྒྲིག་བྱེད་མཁན་གྱིས་བརྗོད་པ་ལྟར་ན། མཛངས་མ་འགྲན་བསྡུར་གྱི་ཉིན་མཐའ་མར་ལྟད་མོ་བ་ ༣༠༠༠ ལྷག་འཛོམས་ཡོད་འདུག

སི་ཨིན་ཨིན་གསར་ཁང་གིས་འདི་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་དང་གླེང་མོལ་བྱས་པར། ཁོང་མོས། “ངས་བོད་ཀྱི་མཛངས་མའི་མིང་ཐོག་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་སྡུག་དང་། རིག་གཞུང་སོགས་གང་ཐུབ་ཅི་ནུས་ཀྱིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསྐྱེལ་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན།”ཞེས་བརྗོད་སོང་།

རིག་གཞུང་གོམས་སྲོལ་དང་འགལ་ཟླ།

བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་པར་རྙོག་གླེང་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་རྙིང་ཞེན་པ་ཚོས་ཁ་རྡུང་གཏོང་བ་དང་། མི་ཆོས་རིང་ལུགས་པ་ཚོས་བོད་ཀྱི་མཛངས་མ་འགྲན་བསྡུར་དེ་བོད་ཀྱི་བཟང་སྤྱོད་དང་འགལ་ཚུལ་བཤད་པ་མ་ཟད། རྒྱ་ནག་གི་ཕྱོགས་ནས་ཀྱང་འགོག་རྐྱེན་སྣ་ཚོགས་བཟོ་བཞིན་ཡོད། གང་ཡིན་ཟེར་ན། རྒྱ་ནག་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་རྗོད་ཀྱི་ཡོད་སྟབས། བོད་ཀྱི་མཛངས་མ་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་དེ་རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་འཛུལ་ཞུགས་བྱེད་པར་བཀག་འགོག་བྱེད་ཀྱིན་ཡོད།

བོད་ཀྱི་མཛངས་མ་འགྲན་བསྡུར་དེ་ ༢༠༠༢ ལོ་ནས་བཟུང་བློ་བཟང་དབང་རྒྱལ་ལགས་ཀྱིས་བོད་ཀྱི་བུད་མེད་ཚོར་དམིགས་ཏེ་མགོ་འཛུགས་བྱས་པ་ཞིག་རེད། མཛངས་མ་འགྲན་བསྡུར་གྱི་ལས་རིམ་དང་མཐའ་མའི་སྡིངས་ཆ་སོགས་ཀྱི་འགྲོ་སོང་ཨ་སྒོར་ ༡༠༠༠༠ ལྷག་གཏོང་གི་ཡོད་འདུག བློ་བཟང་གིས་བརྗོད་པ་ལྟར་ན། ད་ལོར་དམིགས་བསལ་གྱིས་ཐའེ་ཝན་(Taiwan)དང་ཨ་རིར་བཞུགས་པའི་བོད་པའི་ཚོང་པ་གཉིས་ཀྱིས་མཛངས་མ་ཨང་དང་པོར་ཨ་སྒོར་ ༡༥༥༠ དང་། ཨང་གཉིས་པར་ཨ་སྒོར་ ༧༧༥ ཞལ་འདེབས་གནང་སོང་ཟེར།

བློ་བཟང་ལགས་ཀྱིས་ད་དུང་ང་ཚོའི་གསར་ཁང་ལ། སྤྱིར་བོད་ཀྱི་བུད་མེད་མང་པོ་ཞིག་གིས་མཛངས་མ་འགྲན་བསྡུར་གྱི་ཆ་ཤས་ལེན་འདོད་ཡོད་ཀྱང་། ཆོས་ཀྱི་བག་ཆགས་མཐུག་པའི་བོད་ཀྱི་རིག་གཞུང་དང་རྙིང་ཞེན་བསམ་བློས་དབང་གིས་ཕྱིར་འཐེན་བྱེད་བཞིན་ཡོད་པ་རེད་ཟེར། ཁོས་བརྗོད་དོན་ “བོད་ཀྱི་བུད་མེད་ཚོས་དེའི་ཐད་མི་མང་གིས་བསམ་བློ་གང་ཞིག་འཁོར་ཡོང་། མིང་སྐྱོན་གང་ཞིག་བཏགས་ཡོང་སོགས་བསམ་སྟེ། རང་གིས་འདོད་ཀྱང་ཞེད་སྣང་དང་འཚེར་སྣང་བྱས་ཏེ་རང་ཉིད་ཕྱིར་འཐེན་བྱེད་ཀྱི་ཡོད་པ་རེད། ”ཅེས་བརྗོད་སོང་།

བོད་པའི་དབུ་ཁྲིད་ཚོས་བོད་ཀྱི་མཛངས་མ་འགྲན་བསྡུར་དེར་གཟིགས་སྟངས་དེ་ཙམ་ཡག་པོ་མེད་པ་དང་། དེ་ནི་བོད་མི་རིགས་ཀྱི་རིག་གཞུང་གོམས་སྲོལ་ལ་རྡོག་རོལ་གཏོང་གི་ཡོད་པ་དང་། ནང་བསྟན་གྱི་རིག་གཞུང་དང་འགལ་བ་ལྟ་བུར་མཐོང་གི་ཡོད། གང་ཡིན་ཟེར་ན། བོད་པའི་སྲོལ་རྒྱུན་རིག་གཞུང་གི་འགྲོ་སྟངས་ལྟར་ན་བུད་མེད་ཚོའི་ཆས་གོས་དེ་ལུས་ཀྱི་སྟོད་སྨད་བར་གསུམ་ཧྲིལ་བོ་གཡོག་པའི་གོས་རིང་པོ་ཞིག་ཡིན་འདུག བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་མཁན་ཚོས་འགྲན་བསྡུར་རིམ་པ་གསུམ་བརྒྱུད་དགོས་པ་དང་། དེ་དག་ཁྲོད་ལུས་ཀྱི་ནུ་མ་དང་མཚན་མ་འགེབ་བྱེད་ཙམ་ལས་མེད་པའི་དེང་རབས་གཟུགས་བྱད་འགྲན་བསྡུར་ཡང་ཡོད།

བགྲང་བྱ་ ༦༧ སོང་བའི་དྷ་རམ་ས་ལའི་བོད་ཀྱི་ཚོང་པ་འཕྲིན་ལས་སྐལ་བཟང་ལགས་ཀྱིས། “རེད། ང་ཚོའི་སྤྱི་ཚོགས་ནི་དམངས་གཙོ་ཞིག་རེད། འོན་ཀྱང་། ང་ཚོའི་གཞོན་སྐྱེས་ཚོས་ཤེས་དགོས་པ་ནི། ང་ཚོ་རྒྱལ་ཁབ་དང་ཁང་ཁྱིམ་མེད་པའི་སྐྱབས་བཅོལ་བ་ཞིག་རེད། ང་ཚོར་ཡོད་པ་ནི་ཆོས་དང་རིག་གཞུང་ཁོ་ན་རེད། དེར་བརྟེན། ཁོང་ཚོས་ཆོས་དང་རིག་གཞུང་བདག་གཅེས་དང་མི་ཉམས་རྒྱུན་འཛིན་བྱེད་དགོས།” ཞེས་དང་། “ད་དུང་ཁོང་ཚོས་ཤེས་དགོས་པ་ཞིག་ནི། ནང་ཆོས་ཀྱིས་ནང་གི་སེམས་བཟང་པོ་ལ་དོ་སྣང་བྱེད་པ་ལས། ཕྱིའི་གཟུགས་དང་ལྤགས་པར་དོ་སྣང་བྱེད་ཀྱི་མེད།” ཅེས་བརྗོད་བྱུང་།

འོན་ཀྱང་། བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་བོད་ཀྱི་མི་རབས་གོང་མ་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་མ་རག་སྟབས་ཐོས་རྒྱ་དང་མཐོང་རྒྱ་ཆུང་ཆུང་རེད་ཅེས་བརྗོད་སོང་། ཁོང་མོས། “ང་ཚོས་ལུས་ཤ་ཕྱིར་བསྟན་པར་བོད་མི་མང་པོ་ཞིག་ལ་སྟབས་མ་བདེ་བ་ཡོང་གི་ཡོད་པ་རེད། འོན་ཀྱང་། ངས་གལ་སྲིད་སེམས་བཟང་པོ་ཡོད་ན། གཞན་དག་གནད་འགག་ཅིག་ཏུ་མཐོང་གི་མི་འདུག གལ་སྲིད་ཁྱེད་རང་གིས་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་ཡང་། ནང་སེམས་ནག་པོ་དང་མི་ངན་པ་ཞིག་ཡིན་ན། དེ་ཡག་པོ་མ་རེད་བསམ་གྱི་འདུག” ཅེས་བརྗོད་སོང་།

ང་ཚོའི་གསར་ཁང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་སུ་བོད་ཀྱི་མཛངས་མ་འགྲན་བསྡུར་ཐོག་དགོངས་ཚུལ་གང་ཡོད་དྲིས་པར་ལན་འདེབས་གང་ཡང་གནང་མ་སོང་།

༢༠༡༦ ལོའི་བོད་ཀྱི་མཛངས་མ་ཨང་དང་པོ་བསྟན་འཛིན་སངས་ཉི་ལགས་ཀྱི་བོད་སྐད་ཡིག་གི་ཆུ་ཚད་ཞན་སྟབས། བོད་པའི་སྤྱི་ཚོགས་ཁྲོད་ཁོང་མོར་སྐྱོན་བརྗོད་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད་ཀྱང་། ཁོང་མོས་སྐྱོན་བརྗོད་དེ་དག་ནི་རང་གིས་རང་ཉིད་མ་འོངས་པར་ཡར་རྒྱས་ཐོངས་ཞེས་པའི་ཤ་ཚའི་སྙིང་གཏམ་ཞིག་རེད་ཅེས་ང་ཚོའི་གསར་ཁང་ལ་བརྗོད་སོང་། ཁོང་མོས་ “ངས་ཁོང་ཚོ་ནོར་བ་ཞིག་ཏུ་མཐོང་གི་མེད། ཁོང་རྣམས་ཀྱིས་ང་ཚོའི་རིག་གཞུང་སྐོར་ལ་དོ་སྣང་ཡོད་སྟབས་དེ་ལྟར་དགོངས་ཀྱི་ཡོད་པ་རེད། ང་ཚོ་བཙན་བྱོལ་བ་རེད། ང་ཚོས་རང་གི་རིག་གཞུང་དང་སྐད་ཡིག་བདག་སྐྱོང་བྱེད་དགོས། དེར་བརྟེན། གལ་སྲིད་ངས་དེང་རབས་བོད་པའི་བུ་མོ་ཚོའི་ཚབ་མཚོན་བྱེད་དགོས་ན། ང་རང་ངེས་པར་དུ་བོད་པའི་སྐད་ཡིག་ལ་བྱང་ཆ་ལྡན་པ་ཞིག་དགོས་ཀྱི་ཡོད་པ་རེད།” ཅེས་བརྗོད་སོང་།

རྒྱ་ནག་གིས་བར་འཚང་།

བོད་ཀྱི་མཛངས་མ་འགྲན་བསྡུར་ལ་འགག་བྱ་བྱེད་མཁན་གཞན་ཞིག་ནི་རྒྱ་ནག་རེད། བློ་བཟང་དབང་རྒྱལ་གྱིས་བརྗོད་པ་ལྟར་ན། རྒྱ་ནག་གིས་བོད་ཀྱི་མཛངས་མ་འགྲན་བསྡུར་འགྲོ་བཞིན་པའི་སྐབས་ལ་དངོས་སུ་ཡོང་ནས་བར་ཆད་བཟོ་བཞིན་མེད་ཀྱང་། རྒྱལ་སྤྱིའི་མཛངས་མའི་སྡིངས་ཆའི་ཐོག་བོད་ཀྱི་མཛངས་མ་མཉམ་ཞུགས་བྱེད་པར་འགོག་རྐྱེན་ཡང་ཡང་བཟོ་བཞིན་འདུག་ཅེས་བརྗོད་སོང་།

དཔེར་ན། ༢༠༠༤ ལོའི་བོད་ཀྱི་མཛངས་མ་ཨང་དང་པོ་བཀྲ་ཤིས་དབྱངས་ཅན་ལགས་ཀྱིས་ང་ཚོའི་གསར་ཁང་ལ་བརྗོད་པ་ལྟར་ན། སྐབས་ཤིག་ཁོང་མོར་ཛིམ་བྷ་ཝེ་(Zimbabwe)རྒྱལ་ཁབ་ཏུ་རྒྱལ་སྤྱིའི་འགྲིམ་འགྲུལ་མཛངས་མ་འགྲན་བསྡུར་ཁྲོད་མཉམ་ཞུགས་བྱེད་པའི་གོ་སྐབས་ཐོབ་ཡོད་ཀྱང་། རྒྱ་ནག་གཞུང་གིས་གལ་སྲིད་འགྲན་བསྡུར་དེར་ཞུགས་ན་ “ཀྲུང་གོའི་བོད་ཀྱི་མཛངས་མ།” ཞེས་མིང་བྱང་འགོད་དགོས་པའི་བཙན་བཀའ་བཏང་བར་བརྟེན་ཏེ། མཛངས་མ་འགྲན་བསྡུར་དེ་ནས་ཕྱིར་འཐེན་བྱས་ཚུལ་བརྗོད་སོང་། ཁོང་མོས། “མཛངས་མ་འགྲན་བསྡུར་གོ་སྒྲིག་བྱེད་མཁན་རྣམས་ལ་རྒྱ་ནག་གིས་གནོན་ཤུགས་སྤྲད་དེ། ང་ལ་ཁྱེད་རང་འགྲན་བསྡུར་འདིའི་ཆ་ཤས་ལེན་པར། སྐུ་མགྲོན་གྱི་ངོ་བོའི་སྟེང་ནས་ཞུགས་རྒྱུ་དང་། ཡང་ན། ཀྲུང་གོའི་བོད་ཀྱི་མཛངས་མའི་མིང་ཐོག་ནས་ཞུགས་རྒྱུ་འདི་གཉིས་གང་རུང་འདམ་རྒྱུ་ལས་ལམ་ཁ་གཞན་མེད་སྐོར་བཤད་སོང་། ངས་འདི་གཉིས་ལས་གང་ཡང་མ་བདམ་པར་འགྲན་བསྡུར་ནས་ཕྱིར་འཐེན་བྱས་པ་ཡིན།” ཞེས་བརྗོད་སོང་བས། ང་ཚོའི་གསར་ཁང་གིས་རྒྱལ་སྤྱིའི་འགྲིམ་འགྲུལ་མཛངས་མ་འགྲན་བསྡུར་གོ་སྒྲིག་པར་དེའི་སྐོར་བཅར་འདྲི་ཞུས་པར་ལན་འདེབས་བྱས་མ་སོང་།

གཟུགས་པོ་སྐམ་ཞིང་ཤ་མདོག་དཀར་པོ་དང་སྣ་བུག་རིང་པོ་འདེམ་སྒྲུག་བྱེད་ཀྱི་ཡོད་དམ།

ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་བོད་པའི་བུད་མེད་ཁག་ཅིག་གིས། བོད་ཀྱི་མཛངས་མ་འགྲན་བསྡུར་ནི་ནུབ་ཕྱོགས་ཀྱི་མཛེས་དཔྱོད་ལྟ་སྟངས་ཁྱབ་བསྒྲགས་བྱེད་ཀྱི་འདུག་ཅེས་བརྗོད་ཡོད། ཁོང་ཚོས། “གཟུགས་པོ་སྐམ་ཞིང་ཤ་མདོག་དཀར་པོ་དང་སྣ་བུག་རིང་པོ་ཡོད་པའི་བུད་མེད་ཅིག་འདེམ་སྒྲུག་བྱེད་ཀྱིན་འདུག སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ཁྲོད་དེ་འདྲའི་བུ་མོ་མེད་པ་མིན་ཡང་། ང་ཚོའི་བོད་མི་རིགས་ཀྱི་རྣམ་པ་ནི་མ་འདྲ་བ་ཞིག་ཡིན། ང་ཚོས་ནུབ་ཕྱོགས་ཀྱི་མཛངས་མ་འགྲན་བསྡུར་ལྟར་མིན་པར། བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཁྱད་ཆོས་དམིགས་བསལ་བ་ཀུན་གྱི་ཡིད་དབང་འཕྲོག་པ་དེ་འདྲ་ཡོད་པ་རེད།” ཅེས་བརྗོད་སོང་།

བློ་བཟང་དབང་རྒྱལ་གྱིས་བོད་ཀྱི་མཛངས་མ་འགྲན་བསྡུར་དེ་བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་གུ་ཡངས་སུ་གཏང་རྒྱུ་དང་། བོད་ཀྱི་མཛངས་མ་འགྲན་བསྡུར་དེས་བོད་ཀྱི་བུད་མེད་ཚོའི་ནུས་སྟོབས་དང་གདེང་ཚོད་གོང་འཕེལ་གཏོང་བར་ཕན་ཐོགས་རྒྱུའི་ཡིད་ཆེད་བྱེད་ཀྱི་ཡོད་སྐོར་བརྗོད་སོང་། འདི་ལོའི་མཛངས་མ་འགྲན་བསྡུར་ནང་མཉམ་ཞུགས་ཀྱིས་ཨང་དང་པོ་ཐོབ་མཁན་གྱིས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱིན་འདུག

བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས། “བོད་ཀྱི་མཛངས་མ་འགྲན་བསྡུར་ཁྲོད་ཨང་དང་པོར་ཐོབ་པ་ནི་གྲུབ་འབྲས་ཆེན་པོ་ཞིག་རེད་ལ། དེང་རབས་བོད་ཀྱི་བུད་མེད་གཞོན་སྐྱེས་ཚོར་མིག་དཔེ་ཞིག་ཀྱང་ཡིན། གལ་སྲིད་ཁྱོད་ཀྱིས་གང་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད་ན། དེ་ཐོབ་པར་ཁྱོད་ཀྱིས་འབད་བརྩོན་བྱེད་ཆོག་གི་རེད།” ཅེས་བརྗོད་སོང་། མཇུག་ཏུ་དཔལ་སྒྲོན་ལགས་ཀྱིས། “ངས་བོད་ཀྱི་མཛངས་མའི་མིང་བྱང་དེའི་ཐོག་ནས། ང་ཚོའི་བོད་པའི་བུད་མེད་གཞན་དག་ལ་སོ་སོའི་འདོད་འདུན་འགྲུབ་པར་སེམས་ཤུགས་སྤར་འདོད་འདུག” ཅེས་སོང་།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༦/༠༧

Leave a Reply

4 thoughts on “རྙོག་གླེང་ཁྲོད་ཀྱི་བོད་པའི་མཛངས་མ་འགྲན་བསྡུར།

  1. ཐབས་མཁས་རྒྱ་མཚོ།

    བློ་བཟང་དབང་རྒྱལ་གྱི་མཛངས་མ་ཇེ་མང་ལ་སོང་འདུག དངོས་གནས་སེམས་གཏིང་ནས་དགའ་བསུ་ཆེན་པོ་ཡོད།

  2. ༄༅། ༢༠༡༧ ལོའི་བོད་ཀྱི་མཛངས་མའི་གོ་སྒྲིག་འགན་འཛིན་བློ་བཟང་དབང་རྒྱལ་ལགས་དང།
    བོུ་མཛངས་ མ་རྣམས་ལ་བཀྲིས་བདེ་ལེགས་ཞུ། མི་རེ་གཉིས་ཀྱི་བོད་ཀྱི་ད་ཡོད་མཛངས་མ་རྣམས་ནས་་་
    བོད་རྒྱལ་ཡོངས་ཀྱོ་སྐུ་ཚབ་མཚོན་ཐུབ་ཀྱི་ཡོད་དང་མེད་ཅེས་བཤད་པ་དེ་་་་རང་ཉིད་རང་གི་བསམ་བློ་གཏོང་དགོས།
    བོད་རྒྱལ་ཁབ་ལ་ཞེན་པའི་ཕྱག་ལས་སུས་གནང་ཡང་རྒྱལ་ཁབ་ལ་ངེས་པར་ཕན་པར་བརྟེན་སྐུ་ཚབ་མཚོན་ཐུབ་པ་རེད།
    ཡང་མཛངས་མ་ཡིན་པར་མཛངས་མའི་ཡོན་ཏན་བརྒྱད་ཚང་དགོས་བཤད་པ་དེ་་་དང་པོ་ཡོན་ཏན་བརྒྱད་པོ་དེ་
    རེ་རེ་ཤོད་དང་་་་དེ་རྗེས་ངས་ལན་རྗེས་ལ་ཞུས་ཆོག་གོ།
    རང་གི་བྱེད་ན་མགོ་ན། མི་ཡིས་བྱས་ན་མིག་ཚ་བའི་སྐད་ཆ་གང་བྱུང་མ་བཤད། དགྲ་དགའ་གཉེན་སྡུག་གི་རེད།

  3. བུ་རྡོ་རྗེ།

    བྱ་འགུལ་གང་ཞིག་ཡིན་ཀྱང་རྒྱལ་སྤྱིའི་སྡིང་ཆའི་སྟེང་མཉམ་ཞུགས་ཐུབ་ན་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་འཐོར་རྒྱུ་ལས་མ་འདས། འོན་ཀྱང་རྡ་སའི་བུད་མེད་བྱེད་སྒོ་འདི་དང་འབྲེལ་བའི་དབྱིན་སྐད་ཐོག་གི་ ༼ MISS ༽ ཞེས་པའི་ཚིག་འདི་དོན་དངོས་བོད་སྐད་ཐོག་མཛངས་མ་ཞེས་པར་འཇུག་གི་ཡོད་དམ། བོད་ཀྱི་མཛེས་མ་འགྲན་བསྡུར་དང་། རིག་གཞུང་འགྲན་གླེང་རྒྱལ་སྤྱིའི་བྱེད་སྒོ་དང་བསྟུན་ནས་གང་ལེགས་རྗེས་མཐུན་གྱིས་རྗེས་སུ་འཇུག་ཐུབ་ན་ཤིན་ཏུ་ལེགས། འོན་ཀྱང་ང་ཚོ་བོད་ཀྱི་མཛངས་མ། ཞེས་པ་བུད་མེད་ཁྱད་པར་ཅན་གྱི་བློ་གྲོས་ལྡན་པའམ་མཛངས་མའི་ཁྱད་ཆོས་ཀྱི་ཡོན་ཏན་བརྒྱད་དང་ལྡན་པར་གོ་བ་ལས། སྤྱིར་བཏང་བའི་བུད་མེད་ཚོར་རྩ་བ་མི་འཇུག་པས། དེར་བརྟེན་མེས་པོ་ཚོས་སྒྲ་དོན་འཇུག་ཡུལ་ཕུན་སུམ་ཚོགས་པའི་ཚིག་འདི་དག་གང་བྱུང་བེད་སྤྱོད་ཀྱིས་སྒྲ་དོན་འཇུག་ཡུལ་མིག་དཔེ་སྤྱིར་བཏང་བ་ཞིག་རྒྱུན་འབྱམས་ཀྱི་འགྲོ་ན་ང་ཚོའི་རིག་གཞུང་གི་རིན་ཐང་ཇི་ཆུང་རང་གིས་བཏང་ནས་རྗེས་རབས་པ་ཚོར་མིག་ལྟོས་ངན་པ་ཞིག་བསྟན་པ་མ་ཟད། འགན་འཁུར་མེད་པའི་མི་རབས་ཞིག་མ་ཡིན་ནམ། ཡང་ཅིག་སོམ་དང་མི་བུ་ཚོ། །