རྡོ་རྫོང་རིན་པོ་ཆེ་མཆོག་གིས་ཞལ་ཆེམས་བཞག་གནང་འདུག

གྲུབ་དབང་རྡོ་རྫོང་རིན་པོ་ཆེ་མཆོག་སྐུ་གཤེགས་པར་ཐའེ་ཝན་ནང་བཞུགས་པའི་བོད་པའི་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་དང་བོད་རྒྱའི་མི་མང་ཚོས་མཆོད་འབུལ་སྨོན་ལམ་གསུངས་ཡོད་འདུག

ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༡༦ ཉིན་རྡོ་རྫོང་རིན་པོ་ཆེ་མཆོག་ཐའེ་ཝན་དུ་སྐུ་གཤེགས་ཡོད་པ་བཞིན། ཁ་སང་བོད་པའི་ལོ་གསར་ཚེས་གཉིས་ཉིན། ཝན་རྒྱལ་ས་ཐའེ་པེ་རུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག ཐའེ་ཝན་གནས་བཞུགས་བོད་རྒྱའི་དགེ་འདུན་པ་རྣམ་པའི་དབུས། མི་མང་རྣམས་འདུ་འཛོམས་གནང་སྟེ། གྲུབ་དབང་རྡོ་རྫོང་རིན་པོ་ཆེ་དགོངས་པ་རྫོགས་པར་མཆོད་འབུལ་སྨོན་ལམ་གསུངས་ཡོད་འདུག

ཉེ་ལམ་ཁོང་སྐུ་གཤེགས་པའི་གནས་ཚུལ་འབྱོར་མ་ཐག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཐུགས་གསོའི་ཞུ་ཡིག་ཅིག་ཕུལ་ཡོད་པའི་ནང་། “དོན་བརྒྱུད་བསྟན་པའི་གསལ་བྱེད་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་སྐུ་ཕྲེང་བརྒྱད་པ་ངག་དབང་ཡོན་ཏན་ཆོས་ཀྱི་ཉི་མ་མཆོག་ཐེ་ཝན་དུ་སྨན་བཅོས་འཕྲོད་བཞེས་གནང་བཞིན་ཡོད་མུར་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༦ ཉིན་གློ་བུར་དགོངས་པ་གཞན་དོན་དུ་གཤེགས་ཡོད་འདུག་པར།   འདི་ག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་འགོ་ལས་ཡོངས་ནས་མྱ་ངན་གུས་འདུད་དང་སྦྲགས། དེ་གའི་མཁན་སློབ་འདུས་མང་ཡོངས་དང་། མཚུངས་མེད་ཁམས་སྤྲུལ་རིན་པོ་ཆེ་དང་གྲུ་གུ་ཆོས་རྒྱལ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་གཞིས་བྱེས་ཞལ་སློབ་དང་སྐུ་ཉེ་འབྲེལ་ལྟོས་ཡོངས་ལ་ཐུགས་གསོ་གཏིང་ཟབ་ཞུ་རྒྱུ་ཡིན།” ཞེས་དང་། “བདེ་བར་གཤེགས་པ་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་སྐུ་ཕྲེང་བརྒྱད་པ་མཆོག་ནི། བསྟན་པ་སྤྱི་དང་ལྷག་པར་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པ་སླར་གསོ་དང་བརྒྱུད་འཛིན་ཐོག་ཕྱག་རྗེས་ཆེ་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་ཆོས་སྲིད་དབུ་ཁྲིད་རིམ་པ་དང་མཐུན་ཕྱོགས་ཀྱི་འབྲེལ་རྒྱ་ཤིན་ཏུ་བརྟན་པའི་བླ་མ་ཞིག་ཡིན།” ཞེས་སོགས་འཁོད་འདུག

ཨོ་སི་ཊོ་ལི་ཡར་གནས་སྡོད་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་བའི་ནང་། རིན་པོ་ཆེ་སྐུ་གཤེགས་ནས་ཉིན་ཞག་ཉི་ཤུ་རྩ་དྲུག་ཟིན་པའི་ཁར་རྩང་ཡང་སྔར་བཞིན་སྐུ་ལུས་ཀྱི་མདངས་མ་ཡལ་བ་སོགས་ཀྱི་རྟགས་མཚན་གསལ་པོས་ཐུགས་དམ་ལ་བཞུགས་མུས་ཡིན་འདུག་ལ། ཉེ་ལམ་ཁོང་སྐུ་གཤེགས་ཁར་སྐུའི་ཡང་སྲིད་སྐོར་ནས་བཀའ་འདྲི་ཞུ་སྐབས་ “ མ་གཞི་ངེད་ནས་ཡི་གེ་བཞག་ཡོང་། གང་ལྟར་༸ རྒྱལ་བ་མདོ་ཁམས་པ་བཤད་སྒྲུབ་ཉི་མ་རིན་པོ་ཆེ་ཁོ་ནས་ཐུགས་འགན་བཞེས་ནས་དེས་ཐག་གང་བཅད་གནང་ཡོང་བ་དེ་ག་རང་ཁོ་ན་ནོར་མེད་ཡིན་པར་ཁོང་ལ་འབྲེལ་ཡོད་ཀུན་ནས་ཡིད་ཆེས་བློས་འགེལ་བྱེད་དགོས„ ཞེས་སོགས་ཞལ་ཆེམས་མཛད་ཡོད་འདུག

ཁོང་སྐུ་གཤེགས་མ་ཐག་འབྲུག་ཆེན་རིན་པོ་ཆེ་དང་འབྲུག་ཁམས་སྤྲུལ་ཡང་སྲིད་རིན་པོ་ཆེ་སོགས་ཀྱིས་མྱ་ངན་གུས་འདུད་དང་། ཡང་སྲིད་མྱུར་འབྱོན་གསུང་འཕྲིན་བསྩལ་ཡོད་པ་དང་། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་རྡོར་གདན་བཀའ་བརྒྱུད་སྨོན་ལམ་སྟེང་དགོངས་རྫོགས་མཆོད་འབུལ་དང་། ཡང་སྲིད་མྱུར་བྱོན་དང་འབྲེལ་བའི་བཀའ་རྩོམ་སོགས་མཛད་ཡོད་འདུག དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ཆོས་ཀྱི་དབུ་ཁྲིད་རྗེ་མཁན་པོ་མཆོག་གིས་ཀྱང་རིན་པོ་ཆེ་མཆོག་སྐུ་གཤེགས་པར་བློ་ཕམ་གནང་ཡོད་འདུག

རྡོ་རྫོང་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་མཆོག་ནི། ༡༩༤༢ ལོར་མདོ་ཁམས་གོ་འཇོ་ཞེས་པའི་ས་གནས་སུ་ཡབ་སྐལ་བཟང་དབང་ཕྱུག་དང་། ཡུམ་འཛོམ་བྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་འཁྲུངས་པའི་ཉིན་སྐུ་གོང་མའི་རྩ་བའི་བླ་མ་ཡོངས་འཛིན་རིན་པོ་ཆེ་སྐུ་ཕྲེང་བདུན་པས་ལུང་བསྟན་གསལ་པོ་གནང་བ་དང་མཐུན་པར། ཁམས་སྤྲུལ་སྐུ་ཕྲེང་བརྒྱད་པ་དང་འབྲི་གུང་ཨ་མགོན་རིན་པོ་ཆེ་བཅས་ནས་ཀྱང་མགྲིན་དབྱངས་གཅིག་གྱུར་གྱིས་ལུང་བསྟན་དང་ངོས་འཛིན་གནང་།

སྐུ་འཁྲུངས་པའི་ཉིན་བྱ་རོག་མང་པོ་ཞིག་གློ་བུར་དུ་འཕུར་ཡོང་ནས་ནང་གི་ཐོག་ཁར་བབས་ནས་རྡོ་རྫོང་རིན་པོ་ཆེ་ངོས་འཛིན་བྱས་ནས་དགོན་པར་གདན་མ་དྲངས་པར་ས་ཆ་དེ་དང་ཁ་མ་བྲལ་བར་གནས་ཤིང་། རྗེས་སུ་ཤེས་རྟོགས་བྱུང་བར་བྱ་དེ་དག་ནི་ཉིན་ལམ་གཉིས་ཀྱི་བར་ཐག་ཡོད་པའི་རྡོ་རྫོང་དགོན་པའི་མགོན་ཁང་གི་གླད་དུ་གནས་བཅས་ཡོད་པའི་ལྷ་བྱ་ཡིན་འདུག རྡོ་རྫོང་རིན་པོ་ཆེ་མཆོག་ནི་དཔལ་གསང་བའི་བདག་པོ་དང་ཀུན་དགའ་བོ་སོགས་ཀྱི་རྣམ་འཕྲུལ་དང་། གུ་རུ་པདྨའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་ཡ་གྱལ་རྡོ་རྗེ་བདུད་འཇོམ་དང་། རྗེ་མི་ལའི་ཐུགས་སྲས་ཉི་ཟླ་གཉིས་ཀྱི་ཡ་གྱལ་རས་ཆུང་པའི་སྐྱེ་མཐའ་ཡང་ཡིན།

ཁོང་ཉིད་དགོང་ལོ་གསུམ་ཐོག་ཁྲི་འདོན་མངའ་གསོལ་ཞུས་ཤིང་། དགོང་ལོ་ལྔའི་ཐོག་གསན་སྦྱོང་དབུ་ཚུགས་པས་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། དགོང་ལོ་བདུན་ཐོག་ཁམས་པ་སྒར་དུ་ཁམས་སྤྲུལ་སྐུ་ཕྲེང་བརྒྱད་པ་མཆོག་དང་ཞལ་འཛོམས་བྱུང་ཞིང་། སྐབས་དེར་ལོ་བཅུ་གཉིས་ལ་ལན་རེ་ཡོད་པའི་གུ་རུའི་དཀོན་མཆོག་སྤྱི་འདུས་ཀྱི་སྒྲུབ་ཆེན་སྐབས་སུ་ཁེལ་བས་སྒྲུབ་ཆེན་ཟླ་གཅིག་ཉེ་བའི་རིང་ལོ་ན་ཆུང་ཆུང་ཡིན་པའི་རིན་པོ་ཆེ་མཆོག་ཚོགས་ཞུགས་གནང་ཞིང་། ཞལ་འདོན་དང་ཕྱག་ལེན་ཚང་མ་ཆགས་ཐོགས་མེད་པ་མཁྱེན་པར་མཛད་ཅིང་། དེ་ནས་ཁམས་སྤྲུལ་རིན་པོ་ཆེའི་མདུན་ནས་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་དབང་ལུང་མན་ངག་མཐའ་དག་གསན་མགོ་ཚུགས།

དགོང་ལོ་བཅུ་བཞིའི་ཐོག་ཁམས་པ་དགོན་དུ་ཕེབས་ནས་ཀཿཐོག་མཁན་ཆེན་པདྨ་མཐར་ཕྱིན་ལས་དབུ་མ་སོགས་ལ་གསན་སྦྱོང་གནང་ཞིང་སྦྱངས་འབྲས་ཡང་རྩེར་སོན། ༡༩༥༨ ལོར་ལོ་ན་བཅོ་ལྔར་སོན་པའི་རྡོ་རྫོང་རིན་པོ་ཆེ་མཆོག་ཁམས་སྤྲུལ་རིན་པོ་ཆེ་དང་ལྷན་དུ་བོད་གངས་ཅན་ལྗོངས་དང་ཞལ་གྱེས་ཏེ་རྒྱ་གར་ལ་ཕེབས། ཐོག་མར་ལྷ་ས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཞིང་། དེ་ནས་འབྲས་ལྗོངས་བརྒྱུད་རྒྱ་གར་དུ་ཕེབས།

རྒྱ་གར་དུ་ཕེབས་ནས་ཆེར་མ་འགོར་བ་ན་སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེས་ཁམས་པ་སྒར་གྱི་དུས་མཆོད་གར་འཆམ་དང་དེ་བཞིན་བསྟན་འགྲོའི་མཛད་འཕྲིན་སླར་གསོ་གནང་མགོ་ཚུགས་པར་མ་ཟད། འབྲུག་དང་བོད་ནས་ཡོང་བའི་དགེ་འདུན་པ་དང་དད་ལྡན་པ་རྣམས་ལ་བཞུགས་གནས་གོ་སྒྲིག་སོགས་མཛད། ཕྱོགས་མང་པོའི་འབད་བརྩོན་དང་འབྲས་ལྗོངས་ཐེབས་རྩ་ཚོགས་པའི་རོགས་རམ་སོགས་ལ་བརྟེན་ནས་ཀ་བློན་སྦུག་ཏུ་ཟངས་མདོག་དཔལ་རིའི་ལྷ་ཁང་བཞེངས།

དུས་མཚུངས་རྡོ་རྫོང་རིན་པོ་ཆེའི་སློབ་གཉེར་ཡང་མཇུག་སྐྱོང་གནང་ཐུབ་པ་བྱུང་ཞིང་། སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དང་། རྒྱལ་དབང་ཀརྨ་པ་བཅུ་དྲུག་པ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་ལས་ ༡༩༦༩ ལོའི་བར་དུ་དབང་ལུང་ཁྲིད་གསུམ་སྤྱི་དང་ཕྱག་རྒྱ་ཆེན་པོའི་ཉམས་ལེན་མཐའ་དག་བུམ་པ་གང་ཕྱོའི་ཚུལ་དུ་གསན་གནང་མཛད།

༡༩༦༩ ལོར་ཁམས་པ་སྒར་གྱི་ཕྱིས་ཀྱི་གདན་ས་བཀྲ་ཤིས་ལྗོངས་སུ་མཁན་པོའི་མཚན་རྟགས་བཞེས་ཤིང་། ༡༩༧༡ ལོར་ཁམས་པ་སྒར་གྱི་བསྟན་བདག་ཁྲི་ཚབ་ཀྱི་འགན་བཞེས། ༡༩༨༠ ཁམས་སྤྲུལ་རིན་པོ་ཆེ་ཞིང་གཤེགས་པ་དང་ཁོང་ཉིད་ཀྱིས་དགོན་བདག་གི་འགན་བཞེས་གནང་མཛད་ཅིང་། ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེ་དང་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རྣམ་གཉིས་ཀྱིས་ངོས་འཛིན་གནང་བའི་ཁམས་སྤྲུལ་རིན་པོ་ཆེའི་ཡང་སྲིད་ཁྲི་འདོན་སོགས་ཀྱི་ཐུགས་འགན་བཞེས། ཁམས་སྤྲུལ་གོང་མའི་མདུན་ནས་ཐོབ་པའི་དབང་ལུང་མན་ངག་ཡོང་རྫོགས་བུམ་པ་གང་བྱོའི་ཚུལ་དུ་ཁམས་སྤྲུལ་ཡང་སྲིད་རིན་པོ་ཆེ་ལ་ཕུལ་མཛད་པ་མ་ཟད། ཀུན་མཁྱེན་པད་དཀར་གྱི་སྡོམ་རྒྱུན་བཞུགས་པའི་འབྲུག་ཡུལ་རྗེ་མཁན་པོའི་མདུན་ནས་ཁམས་སྤྲུལ་ཡང་སྲིད་ཀྱིས་བསྙེན་རྫོགས་སྡོམ་པ་བཞེས་པའི་འགན་ཁུར་ཆ་ཚང་མཛད།

དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་གནང་ལམ་སྟོན་དང་རྗེས་འབྲེལ་ཐོག་བཀྲ་ཤིས་ལྗོངས་ཁམས་པ་སྒར་དང་ཁད་ཉེ་བའི་ས་གནས་ཤིག་ལ་དགོན་ས་གསར་འདེབས་ཀྱི་ཐུགས་ཐག་བཅད་གནང་སྟེ། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ། གྷོ་པ་པུར་ལ་ཕྱི་ལོ་ ༢༠༠༣ ཟླ་བ་ ༡༢ ཚེས་ ༥ དབུ་འཛུགས་གནང་བའི་རྡོ་རྫོང་དགོན་མདོ་སྔགས་རབ་རྒྱས་ཆོས་གླིང་ངམ། བྱང་ཆུབ་ལྗོངས་ཞེས་པའི་ཆོས་སྡེ་གསར་དུ་བཏབ། ཕྱི་ལོ་ ༢༠༡༠ ཟླ་བ་ ༩ ཚེས་ ༡༢ ཉིན་ ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་བཅས་གདན་དྲངས་ཏེ་ཆོས་སྡེ་གསར་པ་དབུ་འབྱེད་མཛད་སྒོ་གནང་།

དེ་བཞིན། རྒྱུན་ལྡན་༸ གོང་ས་མཆོག་གིས་ཐུགས་བརྩེས་གཟིགས་པ་ཆེ་བས། གཞུང་སའི་བཀའ་བློན་འགན་ཁུར་དགོས་ཞེས་ཡང་ཡང་བཀའ་ཕེབས་གནང་ནའང་། སྲིད་དོན་དང་འབྲེལ་བའི་ཞབས་སྡོད་གང་ཡང་མི་འཇོན་ཡང་ཆོས་ཕྱོགས་དང་འབྲེལ་བའི་ཞབས་ཕྱི་ཧུར་ཐག་ཞུ་རྒྱུ་ཡིན་ཞེས་སྙན་གསན་ཕུལ་དོན་ལྟར། ༢༠༠༠ ལོར་ཡེ་ཤུས་གོ་སྒྲིག་འོག་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་ཐོག་ཏུ་༸ གོང་ས་སྐྱབས་མགོན་ཆེན་པོས་བཀའ་ཕེབས་པ་བཞིན་ ༸ གོང་ས་མཆོག་གི་སྐུ་ཚབ་གནང་ནས་མཉམ་ཞུགས་གནང་བ་མ་ཟད། ཐེ་ལན་ཌའི་རྒྱལ་ས་བྷེན་ཀོག་ཏུ་༸ གོང་ས་མཆོག་གི་སྐུ་ཚབ་གནང་སྟེ་ནང་པའི་བགྲོ་གླེང་ཞིག་ཏུ་མཉམ་ཞུགས་གནང་ཡོད་འདུག ༢༠༡༧ ཟླ་བ་ ༢ ཚེས་ ༡༦ ཉིན་ཐེ་ཝན་ཁམས་པ་སྒར་གྱི་ཆོས་ཚོགས་སུ་སྐུ་གཤེགས།

རྡོ་རྫོང་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས་དེ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ལས་བོད་བསྒྱུར་ཞུས་ཏེ་སྐུར་འབྱོར་བྱུང་།

 

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “རྡོ་རྫོང་རིན་པོ་ཆེ་མཆོག་གིས་ཞལ་ཆེམས་བཞག་གནང་འདུག

  1. ས་མཐའི་སྤུན་

    བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་གྲུབ་དབང་རྡོ་རྫོང་རིན་པོ་ཆེ་མཆོག་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་བློ་ཆོས་ལ་སྐུལ་ཕྱིར་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་ཞུ།