མཛོད་དགེ་ཐང་སྐོར་གྱི་རྩྭ་སར་མེ་སྐྱོན་བྱུང་།

ཁ་སང་སི་ཁྲོན་མཛོད་དགེ་རྫོང་ཐང་སྐོར་རུ་ཁག་གི་གཞུང་ལམ་འགྲམ་ཞིག་ཏུ་མེ་སྐྱོན་བྱུང་སྟེ་དུད་ཁྱིམ་ཁག་ཅིག་གི་རྩྭ་སར་གནོད་པ་ཆེན་པོ་བཟོས་ཡོད་འདུག

Untitled-1འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་བོད་ནང་གི་ཉིན་གུང་ཡོལ་ཙམ་ལ། སི་ཁྲོན་མཛོད་དགེ་རྫོང་ཐང་སྐོར་རུ་ཁག་གཉིས་པའི་གཞུང་ལམ་འགྲམ་ཞིག་ཏུ་མེ་སྐྱོན་ཆེན་པོ་བྱུང་སྟེ། ཉེ་འགྲམ་གྱི་དུད་ཁྱིམ་བདུན་བརྒྱད་ཙམ་གྱི་རྩྭ་སར་མེ་སྐྱོན་བྱུང་ཡོད་པ་མ་ཟད། དུད་ཁྱིམ་བཞི་ཡི་རྩྭ་ས་ཚང་མ་ཚིག་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། ད་ལྟའི་ཆར་མེ་སྐྱོན་ཤོར་བའི་རྒྱུ་རྐྱེན་གསལ་པོ་ཤེས་ཀྱི་མེད་ཀྱང་། ས་གནས་མང་ཚོགས་ཀྱིས་ལམ་འགྲོ་བ་ཞིག་གིས་དུད་སྣེ་ལྷག་འཕྲོ་ཞིག་རྩྭ་སའི་ནང་གཡུགས་ཏེ་བྱུང་བ་ཡིན་སྲིད་པ་དང་། བོད་མི་ཚོ་དེའི་སྐོར་ལ་རྒྱུས་མངའ་ཆེན་པོ་ཡོད་སྟབས། ཕྱོགས་ཡོང་རྒྱ་རིགས་སོགས་ལོ་གསར་སྤྲོ་འཆམ་པ་དེ་འདྲས་གཡུགས་ཡོད་པའི་དོགས་པ་ཟ་ཡི་ཡོད་སྐོར་བརྗོད་བྱུང་།

མེ་སྐྱོན་བྱུང་མ་ཐག་ས་གནས་འབྲོག་པ་མང་ཚོགས་འདུ་འཛོམས་ཀྱིས་མེ་གསོད་ཐབས་བྱས་ཡོད་པ་དང་། དེ་ནས་མེ་གསོད་རུ་ཁག་ཀྱང་བསླེབས་ཏེ་ཡུན་རིང་མ་འགོར་བར་མེ་བསད་ཐུབ་ཡོད་ཀྱང་། ཕྱི་ཕྱོགས་སུ་བསླེབས་པའི་བརྙན་ཐུང་ཁག་གི་ནང་བོད་མི་མང་པོས་མཉམ་རུབ་ཀྱིས་མེ་གསོད་ཀྱི་འདུག་ཀྱང་། ལྷགས་རླུང་ཆེན་པོ་འུར་འུར་དུ་ལྡིང་ཞིང་རྩྭ་སྐམ་གྱིས་ཁེངས་བའི་དགུན་གཞུང་གི་རྩྭ་ཐང་དུ་མེ་ལྕེ་དམར་ལྷོག་ལྷོག་བྱེད་བཞིན་འདུག

 

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply