ལེ་ཁི་ཆང་གིས་ཚོང་ལས་ཐད་ཨ་རྒྱའི་བར་ཟིང་འཁྲུག་འབྱུང་བ་མཐོང་འདོད་མེད་ཟེར།

གཟའ་ལྷག་པའི་ཉིན་རྒྱ་ནག་གི་སྲིད་བློན་ལེ་ཁི་ཆིང་གིས་པེ་ཅིན་གཞུང་ཕྱོགས་ནས་ཚོང་ལས་ཐད་ཨ་རྒྱ་གཉིས་བར་ཟིང་འཁྲུག་ལང་བ་མཐོང་འདོད་མེད་པས་འབྲེལ་ལམ་ཡར་རྒྱས་ཡོང་ཐབས་སུ་གྲོས་མོལ་བྱེད་དགོས་ལུགས་བཤད་འདུག

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་མཇུག་བསྒྲིལ་བའི་གསར་འགོད་གསལ་བསྒྲགས་ཐོག རྒྱ་ནག་གི་སྲིད་བློན་ལེ་ཁི་ཆིང་གིས་ “ངས་རྒྱལ་ཁབ་གཉིས་བར་ཚོང་དོན་དམག་འཁྲུག་རྒྱག་པ་མཐོང་འདོད་མི་འདུག དམག་འཁྲུག་ལ་བརྟེན་ཏེ་ང་ཚོའི་ཚོང་དོན་ཐག་གཅོད་མི་ཐུབ།” ཅེས་དང་། “རྒྱ་ནག་ཕྱོགས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་བརྡབ་གསིག་ག་འདྲ་བཏང་ཡང་། ང་ཚོས་རྒྱལ་ཁབ་གཉིས་མུ་མཐུད་བཟང་ཕྱོགས་སུ་མདུན་སྐྱོན་བྱེད་པར་རེ་བ་བྱེད་ཀྱིན་ཡོད” ཅེས་བཤད་འདུག

ལེ་ཁི་ཆིང་གིས་ “གཅིག་བྱས་ན། ང་ཚོའི་བར་གྱི་རྣམ་པ་མི་འདྲ་བའི་དཀའ་རྙོག་དག་སེལ་བའི་ཐབས་ལམ་ཡང་མི་འདྲ་ནའང་། ད་ལྟའི་དཀའ་རྙོག་སེལ་ཐབས་སུ་རྣམ་པ་སྣ་ཚོགས་ཀྱི་ལམ་ནས་ཕན་ཚུན་བར་སྐད་ཆ་བཤད་པ་དང་། མཉམ་ལས་ཡོང་བར་ངས་ཡིད་ཆེས་བྱེད་ཀྱིན་ཡོད།” ཅེས་བརྗོད་འདུག་ལ། ཁོས་ད་དུང་མགྱོགས་པོར་སེལ་ཐབས་མེད་པའི་རྩོད་རྙོག་རིགས་དུས་དང་བསྟུན་ཏེ་གླེང་སློང་བྱེད་དགོས་ཞེས་སོགས་བཤད་འདུག

ཨ་རིའི་བརྒྱུད་ལམ་ཁག་ཏུ། ཟླ་རྗེས་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊི་རུམ་ཕི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཧྥི་ལཱོ་རཱེ་ཌ་ (Florida) མངའ་སྡེའི་ནང་ཐུག་འཕྲད་བྱ་རྒྱུ་ཡིན་སྐོར་བཀོད་ཡོད།

ཊི་རུམ་ཕིས་རྒྱ་ནག་གི་ཚོང་ལས་དང་ལྷོ་རྒྱུད་མཚོ་ཁུལ་གྱི་རྩོད་གླེང་། དེ་བཞིན། བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གཞི་སོགས་ཀྱི་ཐད་སྐྱོན་བརྗོད་བྱེད་ཀྱི་ཡོད། འོས་བསྡུའི་སྐབས། ཊི་རུམ་ཕིས་རྒྱ་ནག་གི་འཛའ་ཐང་བཅག་པ་དང་། རྒྱ་ནག་གི་ཚོང་ཟོག་ཨ་རིར་ཕྱིར་འདྲེན་བྱེད་སྐབས་ཁྲལ་མཐོ་བོ་ལེན་པ་རྒྱུ་ཡིན་སྐོར་བཤད་ཡོད་ཀྱང་། ད་ཆར་ཁོས་གླེང་སློང་དེ་གཉིས་ལག་བསྟར་བྱེད་ཀྱི་མེད། ཡིན་ནའང་འཆར་ཟླ་ ༤ བའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ལོ་ཕྱེད་རིང་གི་འཛའ་འཕར་ཆག་སྐོར་ནས་སྙན་ཐོ་ཞིག་འདོན་འཆར་ཡོད་འདུག

༢༠༡༥ ལོར་ཨ་རིའི་ཁ་གཏད་དུ་རྒྱ་ནག་གི་ཚོང་ལས་འཕར་ཚད་ཨ་སྒོར་ཐེར་འབུམ་ ༣༦༦ ཟིན་གྱི་ཡོད་འདུག

ཟླ་སྔོན་མར་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་ཐོག་དང་པོར་རྒྱ་ནག་གི་ཆེས་མཐོའི་ཕྱི་འབྲེལ་དཔོན་རིགས་ཡཱང་ཅི་ཁྲེ་ (Yang Jiechi)ལ་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་ཡོད་པ་དང་། ཡཱང་ཅི་ཁྲེ་ནི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝཱང་ཡཱེ་ལས་ཀྱང་གོ་དབང་མཐོ་བའི་དཔོན་རིགས་ཤིག་ཡིན།

ཕོ་བྲང་དཀར་པོའི་ཕྱོགས་ནས་ཐེངས་འདིར་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཐུག་འཕྲད་བྱས་པ་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་ཕྱོགས་གཉིས་ཀའི་ཐུན་མོང་གི་གོ་སྐབས་ཤིག་ཡིན་སྐོར་བཤད་འདུག

ལེ་ཁི་ཆིང་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་ “རྒྱ་ནག་གཅིག” གི་རྩ་འཛིན་ཐོག་ནས་རྒྱུན་འཁྱོངས་བྱེད་དགོས་ལུགས་བཤད་ཡོད། རྒྱ་ནག་གཅིག་གི་རྩ་འཛིན་འོག་ཝ་ཤིན་ཊོན་གྱིས་རྒྱ་ནག་རྒྱལ་ཁབ་གཅིག་ཡིན་པ་དང་ཐའེ་ཝན་མཚོ་འགག་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་བྱས་ཡོད་འདུག ལེ་ཁི་ཆིང་གིས་ “གནས་བབ་མ་གཏོགས་རྒྱ་ནག་གཅིག་གི་རྩ་འཛིན་ལ་བཅོས་སྒྱུར་མ་བཏང་བར་རང་དགར་བཞག་ཡོད། རྩ་འཛིན་དེར་སྣང་ཆུང་བཏང་མི་ཆོག” ཅེས་བཤད་འདུག

ན་ནིང་ཕྱི་ཟླ་ ༡༢ ནང་སྲིད་འཛིན་ཊི་རུམ་ཕིས་ཁ་པར་བརྒྱུད་ཐའེ་ཝན་སྲིད་འཛིན་ཚའེ་ཡེན་ཝན་ལ་སྐད་ཆ་བཤད་དེ་རྒྱ་ནག་གཞུང་ལ་ཕོག་ཐུག་བཟོས་ཡོད་པ་དང་། སྐབས་དེར་ཊི་རུམ་ཕིས་ཨ་རིས་རྒྱ་ནག་གཅིག་གི་རྩ་འཛིན་དེར་ངོས་ལེན་མེད་པ་མ་ཟད། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ཡག་པོ་ཡོང་ཐབས་སུ་རྒྱ་ནག་གཅིག་གི་རྩ་འཛིན་དེའི་སྐོར་ལ་གྲོས་ཆོད་ཅིག་འཇོག་དགོས་པའི་བསམ་ཚུལ་ཡང་འདོན་སྲིད་སྐོར་བཤད་ཡོད།

ཡིན་ནའང་དེའི་རྗེས་ལ་ཊི་ཕི་རུམ་ཕིས་ཞི་ཅིན་ཕིན་ལ་ཁ་པར་བཏང་སྟེ། “རྒྱ་ནག་གཅིག” གི་སྲིད་ཇུས་དེར་མཐོང་ཆེན་དང་ངོས་ལེན་ཡོད་སྐོར་བཤད་ཡོད། “རྒྱ་ནག་གཅིག” གི་སྲིད་ཇུས་འོག པེ་ཅིན་གཞུང་གིས་ཐའེ་ཝན་མཚོ་འགག་གི་རང་སྲིད་རང་སྐྱོང་དང་དམངས་གཙོའི་ལས་འགུལ་སོགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད།

ལེ་ཁི་ཆིང་གིས་ད་དུང་རྒྱ་ནག་གཞུང་ཕྱོགས་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་ལས་ཐོལ་འཕེར་འབྱུང་བར་རེ་བ་བྱེད་ཀྱིན་མེད་པ་དང་། གལ་ཏེ་ཡུ་རོབ་གླིང་གིས་རྒྱ་ནག་ནང་ཚོང་ཟོག་ཕྱི་འདྲེན་བྱེད་འདོད་ཡོད་ན་ཡུ་རོབ་གླིང་གིས་ཕྱོགས་གཉིས་བར་གྱི་ཉོ་འཚོང་ཆ་སྙོམས་བཟོ་དགོས་ཞེས་བརྗོད་འདུག

བདེ་སྲུང་གི་ཆེད་དུ་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་དྲག་ཆས་དང་མི་སེར་གྱི་འཛད་སྤྱོད་དངོས་ཟོག་ཕྱི་འདྲེན་ལ་མུ་མཐུད་སྟངས་འཛིན་བྱེད་ཀྱི་ཡོད་འདུག

རྒྱ་ནག་གིས་རང་ཉིད་ཀྱིས་ཐོན་སྐྱེད་བྱས་པའི་ཚོང་ཟོག་མང་པོ་ཚོང་འབྲེལ་རྒྱལ་ཁབ་ཁག་ནང་ཕྱི་འདྲེན་བྱེད་འདོད་ཡོད་ནའང་། ཕྱིའི་ཉོ་ཚོང་ཚོགས་སྡེ་ཁག་གིས་བདེ་འཇགས་མིན་པའི་རྒྱ་ནག་གི་ཚོང་ཟོག་རྒྱལ་སྤྱིའི་ཁྲོམ་རར་བཀྲམ་པར་སེམས་ཁྲལ་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༡༦

Leave a Reply