ལོ་གསར་བར་སྐུའི་བཅད་རྒྱར་བཞུཊ་རྒྱུ་རེད།

སང་ཉིན་ནས་བོད་ལུགས་ལོ་གསར་བར་དུ་༧གོང་ས་མཆོག་སྐུའི་བཅད་རྒྱར་བཞུགས་རྒྱུ་ཡིན་པས་མཇལ་ཁ་སོགས་ཀྱི་མཛད་འཆར་མེད་པ་རེད།

16177730_1246650212093881_5464099593122872725_o

༧གོང་ས་མཆོག་གི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ལྷོ་ཕྱོགས་ཨན་ཌར་པར་དེ་ཤི་ཁུལ་གྱི་ཉིན་བཅུ་གྲངས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། དེ་རིང་སྔ་དྲོར་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་བདེ་བར་བཀོད་སོང་བ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་གནང་བ་ལྟར་ན། སང་ཉིན་ཕྱི་ཚེས་ ༡༤ ནས་བོད་ལུགས་ལོ་གསར་བར་བཞུགས་སྒར་ཕོ་བྲང་དུ་སྐུའི་བཅད་རྒྱར་བཞུགས་རྒྱུ་ཡིན་པས། དུས་ཡུན་དེའི་རིང་མཇལ་ཁ་སོགས་ཀྱི་མཛད་འཆར་མེད་པ་རེད།

ཕྱི་ཟླ་ ༣ ཚེས་ ༡༢ ཉིན་༧གོང་ས་མཆོག་ནས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་གསུང་ཆོས་བསྩལ་རྒྱུ་དང་། ཚེས་ ༡༣ དང་ ༡༤ ཉིན་གཉིས་རིང་གཙུག་ལག་ཁང་དུ་འདི་ལོའི་དཔྱིད་ཆོས་སུ་སློབ་དཔོན་ཀ་མ་ལ་ཤི་ལའི་མཛད་པའི་སྒོམ་རིམ་བར་བ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བསྩལ་རྒྱུ། ཕྱི་ཚེས་ ༡༥ ཉིན་ལ་བརྟན་བཞུགས་དང་བཀའ་དབང་གནང་བའི་མཛད་འཆར་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “ལོ་གསར་བར་སྐུའི་བཅད་རྒྱར་བཞུཊ་རྒྱུ་རེད།

  1. སྨན་པ་བསྟན་འཛིན་གྲགས་པ་

    བདག་སོགས་དམ་ལྡན་གཞིས་བྱེས་བོད་འབངས་ཡོངས་ཀྱི་འདི་ཕྱི་གཏན་གྱི་སྐྱབས་གནས་དང་། ཆོས་ཀྱི་དབུ་ཁྲིད་༧རྒྱལ་མཆོག་ཕྱག་ན་པད་མ་མཆོག་མ་རྒན་སེམས་ཅན་ཐམས་ཅད་ལ་གནས་སྐབས་ཕན་པ་དང་། བདེ་བ་རྒྱ་ཆེན་པོ་བསྐྲུན་སླད་དང་། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་འགོད་སླད་བཞུགས་སྒར་ཕོ་བྲང་དུ་སྐུའི་བཅད་རྒྱར་བཞུགས་པ་ནི་ཀུན་གྱི་ཡི་རངས་བྱ་བའི་ཞིང་མཆོག་ལགས་ན། ཁྱེད་ཀྱི་ཐུགས་རྗེའི་སྐྱབས་འོག་ནས་འདོར་བ་མེད་པ་རྗེས་སུ་བཟུང་དུ་གསོལ། མཆོད་དོ་སྐྱབས་སུ་མཆིའོ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། རྗེས་སུ་ཡི་རངས་སྐུལ་ཞིང་གསོལ་བ་ཡི། དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོ་འོ། །