ལོ་གསར་ཚེས་གཅིག་ཉིན་བོད་དོན་ལས་འགུལ་སྤེལ་མཁན་གཉིས།

ལོ་གསར་ཚེས་གཅིག་ཉིན་བོད་མི་ཚོས་སྤྲོ་སྐྱིད་གཏོང་བཞིན་པའི་སྐབས་སུད་སིའི་བོད་ཀྱི་མི་རབས་གསར་པའི་ཐུན་ཚོགས་དང་ཨོ་གླིང་གི་བསྟན་པ་དར་རྒྱས་གཉིས་ཀྱིས་བོད་པའི་བདེན་དོན་འཐབ་རྩོད་ཆེད་ལས་འགུལ་སྤེལ་ཡོད་འདུག

འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ཏེ། བོད་རྒྱལ་ལོ་ ༢༡༤༤ ལོའི་ལོ་སར་ཚེས་གཅིག་ཉིན་སུད་སིའི་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སུད་སི་གྲོང་ཁྱེར་ཛུ་རིག་ནང་གི་(Paradeplatz)ནང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ནང་མི་གཙོས་བོད་ནང་གི་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་ལས་འགུལ་ཞིག་སྤེལ་ཡོད་འདུག

ཉིན་དེར་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འདས་གྲོངས་སུ་ཕྱིན་པའི་བོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་མདུན་དུ་མཆོད་མེ་སྟོང་ཚར་གཅིག་བསྒྲོན་པ་དང་། ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་དང་སུད་སི་བོད་རིགས་མི་མང་གི་སྐུ་ཚབ། སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ། ཡུ་རོབ་བོད་རིགས་གཞོན་ནུའི་སྐུ་ཚབ། མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་རིམ་པ་བཞིན་གཏམ་བཤད་གནང་རྗེས། གཞས་པ་བློ་ལྡན་རྣམ་གླིང་ལགས་ཀྱིས་མྱ་ངན་གདུང་སེམས་མཚོན་པའི་གཞས་སྣ་འཁྲབ་སྟོན་སོགས་གནང་ཡོད་འདུག

མི་རབས་གསར་པའི་ཐུན་ཚོགས་ཀྱི་ཚོགས་གཙོ་མཁར་འཕགས་ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་དུས་རབས་ཕྱེད་ལྷག་རིང་བོད་མི་འབུམ་ཕྲག་མང་པོའི་ཚེ་སྲོག་འཕྲོག་པ་དང་། འདས་པའི་ལོ་ཤས་ནང་བོད་མི་ ༡༥༢ ཙམ་གྱིས་བོད་དོན་ཆེད་རང་ལུས་མཆོད་འབུལ་གནང་དགོས་བྱུང་བ་སོགས་ལ་བརྟེན་ཏེ། གཞིས་བྱིས་བོད་མི་རྣམས་ལྷན་འཛོམས་ཀྱི་གོ་སྐབས་ཡོངས་སུ་བྲལ་ཏེ། ཕ་མ་བུ་ཕྲུག་མ་ཤི་གསོན་བྲལ་གྱི་སྡུག་བསྔལ་མྱངས་དང་མྱོང་བཞིན་ཡོད་པ་དང་། བོད་ཀྱི་ལོ་སར་ལ་དགའ་དགའ་སྤྲོ་སྤྲོ་དང་། ཞི་བདེ་བག་ཕེབས་ཀྱིས་ནང་མི་ལྷན་འཛོམས་འབྱུང་ཐུབ་ཀྱི་མེད་སྟབས། ང་ཚོས་ལོ་སར་ཚེས་གཅིན་ཉིན་ཐབས་ཟད་འུ་ཐུག་གིས་འདི་ལྟར་ལས་འགུལ་མི་སྤེལ་ཐབས་མེད་བྱུང་ཚུལ་སོགས་བཀོད་འདུག

གཞན། ཨོ་སི་ཊི་ལེ་ཡར་གནས་སྡོད་བསྟན་པ་དར་རྒྱས་ལགས་ཀྱིས་ཀྱང་ལོ་གསར་ཚེས་གཅིག་ཉིན། ཨོ་གླིང་གི་རྒྱལ་ས་ཁེམ་བྷི་རའི་ནང་གྷར་རེ་མ་ཕི་ལེ་སི་(Garema place)ཟེར་བའི་གྲོང་ཁྱེར་དཀྱིལ་དུ། བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་སྐུ་པར་དང་བོད་པའི་རྒྱལ་དར་དང་ས་ཁྲ་སོགས་བཤམས་ཏེ། “བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་མི་སར།” ཅེས་དང་། “བོད་རྒྱ་ནག་གི་ཆ་ཤས་མ་རེད།” ཅེས་པ་སོགས་ཀྱི་འབོད་ཚིག་འོག་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

བསྟན་པ་དར་རྒྱས་ལགས་ཀྱིས་དགོས་འདུན་དོན་ཚན་ ༤ བཏོན་ཡོད་པ་ནི། ༡། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ༢། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོད་ཚད་གློད་གྲོལ་གཏོང་དགོས། ༣། བོད་ནང་གི་དངོས་ཡོད་གནས་སྟངས་གང་ཡིན་རྒྱུས་ལོན་ཕྱིར་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་སྡེ་དང་། གསར་འགོད་པ་སོགས་བོད་ནང་ལ་གཏོང་དགོས། ༤། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས ༢༠ ཉིན་རྒྱ་ནག་གཞུང་གིས་འཆར་གཞི་དང་གྲ་སྒྲིག་ཡོད་པའི་སྒོ་ནས་བོད་ནང་གི་དགོན་སྡེ་ཆེ་ཤོས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གཏོར་གཤིས་གཏོང་བཞིན་པ་དེ་ངེས་པར་དུ་མཚམས་འཇོག་དགོས། ཐེངས་འདིའི་ལས་འགུལ་ནང་ཆབ་སྲིད་བཙོན་ཟུར་གངས་ལྗོངས་འཇིགས་མེད་གོ་ཆ་དང་གྲྭ་བསམ་དོན་ཕུན་ཚོགས་གཉིས་མཉམ་ཞུགས་གནང་ཡོད་འདུག

སུད་སིའི་བོད་ཀྱི་མི་རབས་གསར་པའི་ཐུན་ཚོགས་དང་། ཨོ་སི་ཊོ་ལི་ཡའི་བསྟན་པ་དར་རྒྱས་གཉིས་ཀྱིས་ལོ་ལྟར། བོད་པའི་ལོ་གསར་ཚེས་གཅིག་ཉིན་བོད་དོན་ཆེད་ལས་འགུལ་སྤེལ་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “ལོ་གསར་ཚེས་གཅིག་ཉིན་བོད་དོན་ལས་འགུལ་སྤེལ་མཁན་གཉིས།