ལོ་ངོ་ལྔའི་རིང་འཛམ་གླིང་ཡང་རྩེར་འབོད་པའི་བོད་མཐོ་སྒང་བྱང་ཐང་དུ་སློབ་འཁྲིད་གནང་།

དགེ་རྒན་འཆི་མེད་ཚེ་རིང་ལགས་ཀྱིས་སློབ་འཁྲིད་དང་འཛིན་སྐྱོང་བྱེད་སའི་སློབ་གྲྭ་དེའི་གྲང་ཚད་ནི་ཇོ་མོ་གླང་མའི་རི་མགོར་འཛེག་མཁན་ཚོའི་རས་གུར་ནང་གི་གྲང་ངར་ལས་ཀྱང་ཆེ་བ་ཡོད་པ་རེད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་གྱིས་སྤེལ། བོད་མིའི་གཞི་རིམ་སློབ་གྲྭ་ཚུགས་སའི་ཕུ་མ་བྱང་ཐང་ (Puma Jiangtang)[1] ཞེས་པའི་ས་ཁུལ་དེ་ནི་འཛམ་གླིང་ཡང་སྟེང་གི་ས་བབ་མཐོ་ཤོས་ཤིག་ཡིན་པ་དང་། ས་ཁུལ་དེའི་ས་བབ་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་ ༥༣༧༣ ཡོད་པ་དང་། སློབ་གྲྭའི་སློབ་ཁང་གི་དྲོ་གྲང་ནི་ཇོ་མོ་གླང་མའི་རི་མགོར་འཛེག་མཁན་རྣམས་ཀྱི་རས་གུར་ནང་གི་གྲང་ངར་ལས་ཀྱང་ཆེ་ཡོད་འདུག

ས་ཁུལ་དེའི་ལོ་རེའི་གནམ་གཤིས་དྲོ་གྲང་ཆ་སྙོམ་ཀླད་ཀོར་མན་གྱི་གྲང་ཚད་ ༥ ཡིན་པ་མ་ཟད། དཀའ་ཁག་ཆེ་ཤོས་དེ་སྲོག་འཛིན་རླུང་ཉུང་ཁར། གྲང་ངར་ཁྲོད་མིའི་ཟུངས་ཁྲག་གི་འཁོར་རྒྱུག་དལ་བ་དང་རུས་ཚིགས་ལ་གཉན་ཁ་རྒྱས་པ་སོགས་ཀྱི་དཀའ་ངལ་ཡོད། འཇིགས་ཉེན་དེའི་འོག ས་ཁུལ་དེའི་དགེ་རྒན་མང་ཆེ་བས་ལས་དགོངས་ཞུས་ནས་ས་ཆ་གཞན་ལ་འགྲོ་བཞིན་ཡོད་པ་རེད།

ཡིན་ནའང་རང་ལོ་ ༣༧ ཡིན་པའི་འཆི་མེད་ཚེ་རིང་ (Qimei Ciren) ལགས་ཀྱིས་དཀའ་ཁག་དེ་དག་ལ་གདོང་ལེན་བྱས་ཏེ་འདས་པའི་ལོ་ངོ་ ༥ རིང་ས་ཁུལ་དེའི་གཞི་རིམ་སློབ་གྲྭའི་ནང་སློབ་འཁྲིད་བྱས་པ་དང་། མཐར་སློབ་གྲྭ་དེའི་སློབ་སྤྱིའི་འགན་འཁུར་ཡང་བཞེས་ཡོད་པ་རེད།

ཁྱེད་རང་སློབ་གྲྭ་འདིར་ཡོང་དོན་ཅི་ཡིན།

ང་རང་སློབ་མཐར་ཕྱིན་རྗེས། ང་ལ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་དང་། ཡང་ན་གསར་འགོད་པ་བཅས་ཀྱི་ལས་ཀའི་གོ་སྐབས་རག་གི་འདུག ཡིན་ནའང་དགེ་རྒན་ཞིག་བྱ་རྒྱུ་ནི་ངའི་ཕུགས་འདུན་ཡིན་སྟབས། ངས་དགེ་རྒན་གྱི་ས་མིག་ཅིག་རག་ཚེ། དེ་དམ་འཛིན་བྱ་རྒྱུའི་སེམས་ཐག་བཅད་ཡོད། ཕྱིས་སུ་འདི་ག་སློབ་གྲྭའི་དགེ་རྒན་ས་མིག་ལ་སྙན་ཞུ་ཕུལ་བ་བརྒྱུད་དེ་སློབ་གྲྭ་འདིའི་དགེ་རྒན་བྱས་པ་ཡིན།

ང་རང་ཕ་མ་གཅིག་ལས་མེད་པའི་ཁྱིམ་ཚང་ཞིག་ཏུ་འཚར་ལོངས་བྱུང་བ་ཡིན། ངེད་ཚང་གི་འཚོ་བ་སྐྱོ་བོ་ཡིན་སྟབས། ཐེངས་འགར་ང་རང་སློབ་གྲྭར་སྐྱོད་མཚམས་འཇོག་དགོས་བྱུང་མྱོང་མོད། ཡིན་ནའང་གཞི་རིམ་དགེ་རྒན་གྱི་རམ་འདེགས་དང་སྐུལ་འདེད་འོག ང་རང་མུ་མཐུད་སློབ་གྲྭར་ཕྱིན་པ་ཡིན། གཞི་རིམ་དགེ་རྒན་གྱིས་ང་ལ་མ་འོངས་པར་དགེ་རྒན་ཞིག་བྱེད་པའི་བློ་སྤོབས་བསྐྱེད་སོང་།

ཁྱེད་རང་གི་སློབ་གྲྭ་དང་ས་ཁུལ་གཞན་གྱི་སློབ་གྲྭའི་བར་ཁྱད་པར་ག་རེ་འདུག

ང་ཚོའི་སློབ་གྲྭ་མཚོ་བོད་མཐོ་སྒང་དུ་ཆགས་ཡོད་སྟབས། གནམ་གཤིས་ཧ་ཅང་གྲང་མོ་ཡོད་མ་ཟད། གནམ་གཤིས་དྲོ་གྲང་དེ་ས་ཁུལ་གཞན་དག་ལས་ཀྱང་ལྡབ་འགྱུར་གྱིས་གྲང་ཞིང་། ས་བབ་རྒྱ་མཚོའི་ངོས་ལས་སྨི་ ༥༣༧༣ གྱིས་མཐོ་བོ་ཡོད་པས་ས་ཆ་གཞན་དང་བསྡུར་ན། སྲོག་འཛིན་རླུང་བརྒྱ་ཆ་ ༤༠ ཉུང་བ་ཡོད་པ་དང་། མཁའ་དབུགས་དང་སྲོག་འཛིན་རླུང་ཉུང་བ་དེས་མིའི་ཀླད་པ་ཚུད་པའི་གཟུགས་ཁམས་བདེ་ཐང་ལའང་གནོད་འཚེ་ཆེ་བ་མ་ཟད། ལོ་ན་བརྒས་སླ་བོ་ཡོད་པ་རེད། ངས་དགུན་ཁར་ཟླ་ ༡༠ དང་དབྱར་ཁར་ཟླ་ ༢ རིང་སློབ་འཁྲིད་བྱེད་ཀྱི་ཡོད་ལ། ས་ཁུལ་འདིར་སྐབས་རེར་དབྱར་ཁར་ཡང་ཁ་བ་འབབ་ཀྱི་འདུག

སློབ་གྲྭའི་ནང་ཁྱེད་རང་གི་དཀའ་ཁག་ཆེ་ཤོས་ག་རེ་རེད།

ང་ཚོ་དུས་ཡུན་ཐུང་ཐུང་ཞིག་རིང་གི་དགེ་རྒན་ཡིན་ཞིང་། སློབ་ཕྲུག་ཚོ་སློབ་གྲྭར་གཏན་སྡོད་བྱེད་ཀྱི་ཡོད། ང་ཚོའི་སློབ་འཁྲིད་ཀྱི་འགན་ཧ་ཅང་ལྕི་བ་དང་། ཤེས་ཡོན་སློབ་གསོའི་གྲུབ་འབྲས་དངོན་གསལ་གྱིས་ཡར་ཐོན་འོང་རྒྱུ་ཁག་པོ་འདུག ས་ཁུལ་འདིར་སྲོག་འཛིན་རླུང་ཉུང་བ་དེས་ང་ཚོའི་ལུས་སེམས་གཉིས་ཀར་ངལ་སྤྲོད་ཀྱི་འདུག

ཤེས་རིག་སྡེ་ཁག་གིས་ང་ཚོར་སློབ་འཁྲིད་ཟབ་སྦྱོང་སྤྲོད་ཀྱི་ཡོད་ནའང་། དགེ་རྒན་ཁ་ཤས་ཤིག་ལ་ཆེད་སྦྱོང་མེད་པ་མ་ཟད། ཁོ་རང་ཚོ་སློབ་གྲྭའང་མཐར་སོན་བྱུང་མེད་སྟབས། དགེ་རྒན་གྱི་ཤེས་ཚད་ཡར་རྒྱས་གཏོང་དགོས་ཀྱི་འདུག

ལོ་ཕྱེད་རིང་གི་སློབ་ཐུན་སྐབས། ཕ་མ་རེ་འགའ་སོ་སོའི་ཕྲུ་གུ་ཚོར་ལྟ་སྐོར་བྱེད་དུ་ཡོང་གི་འདུག་ལ། སློབ་ཕྲུག་ཚོའི་ཕ་མ་མང་ཆེ་བ་ཞིག་མཐོ་སྒང་དུ་ཕྱུག་ཟོག་འཚོ་སྐྱོང་བྱེད་མཁན་ཡིན་སྟབས། ལོ་ཕྱེད་སློབ་ཐུན་སྐབས་མ་གཏོགས་ཁོ་ཚོ་སོ་སོའི་ཕྲུ་གུར་ལྟ་སྐོར་བྱེད་དུ་ཡོང་ཐུབ་ཀྱི་ཡོད་པ་མ་རེད། སྐབས་རེར་དགེ་རྒན་ཚོས་ཕ་མའི་ཚབ་བྱས་ཏེ། སློབ་ཕྲུག་ཚོའི་ལ་བ་བཀྲུ་བ་དང་བ་དང་། ཉལ་ཁང་དང་ཉལ་ཆས་གཙང་སྦྲ་བཟོ་དགོས་ཀྱི་ཡོད་པ་རེད།

ཁྱེད་རང་གི་ཉིན་རེའི་སློབ་གྲྭའི་འཚོ་བ་ངོ་སྤྲོད་ཅིག་གནང་རོགས།

དབྱར་ཁ་ང་རང་ཞོགས་པའི་ཆུ་ཚོད་ ༧།༣༠ ཐོག་མལ་ལས་ལང་གི་ཡོད་ལ། དགུན་ཁ་ཞོགས་པའི་ཆུ་ཚོད་ ༩ སྟེང་ལང་གི་ཡོད། རྒྱུ་མཚན་ནི། དགུན་དུས་གནམ་གཤིས་ཧ་ཅང་གྲང་མོ་ཡོད་པ་རེད། སློབ་ཕྲུག་ཚོ་མལ་ལས་སློང་བ་དང་མཉམ་དུ་ཞོགས་པའི་འཚམ་འདྲི་ཞུ་བཞིན་ཡོད། ཞོགས་ཟས་མ་ཟས་སྔོན་ལ་ང་རང་སློབ་ཕྲུག་ཚོ་དང་མཉམ་དུ་སོང་ནས་གདོང་པ་འཁྲུད་བཞིན་ཡོད། ཆུ་ཚོད་ ༩ སྟེང་རྒྱུན་པར་ང་ཉལ་ཁང་ཁག་ཏུ་སྐོར་བ་བརྒྱབ་སྟེ་སློབ་ཕྲུག་ཚོ་མལ་ལས་ལང་ཡོད་མེད་ལ་རྟོག་ཞིབ་ཏུ་འགྲོ་དགོས།

ཁྱེད་ཚོའི་སློབ་གྲྭར་དམིགས་བསལ་བྱེད་སྒོ་གཙོ་བོ་གང་དག་སྤེལ་གྱི་ཡོད།

སློབ་གྲྭ་སོ་སོར་བྱེད་སྒོ་མ་འདྲ་བ་སྣ་ཚོགས་ཡོད་པ་ལྟར། ང་ཚོའི་སློབ་གྲྭར་ཡང་ང་ཚོའི་སློབ་གྲྭའི་བྱེད་སྒོ་མ་འདྲ་བ་ཁ་ཤས་ཡོད་པ་རེད། ང་ཚོའི་སློབ་གྲྭའི་ཁང་པ་ལྗང་ཁུ་དེ་ནི་ན་ནིང་ལོར་གཞུང་གིས་བཟོས་པ་རེད། ད་ལྟ་ང་ཚོས་ཁང་པ་དེ་འཛིན་ཁང་དུ་བེད་སྤྱོད་བྱེད་ཀྱི་ཡོད། ཁང་པ་ལྗང་ཁུ་དེ་ནི་ཐོག་རྩེག་གཉིས་ཅན་ཞིག་ཡིན། དབྱར་ཁ་ནངས་དགོང་ཆུ་ཚོད་ ༧ ནས་ ༨ ཡས་མས་སུ་ང་ཚོས་ཁང་པ་ལྗང་ཁུ་དེའི་ནང་སྔོ་ཚལ་རིགས་མི་འདྲ་ ༨ ནས་ ༩ ཙམ་གྱིས་བཟོས་པའི་ཟ་མ་བཟའ་བཞིན་ཡོད་ལ། དགུན་ཁ་ང་ཚོར་ནམ་རྒྱུན་སྔོ་ཚལ་རིགས་ ༤ ཙམ་གྱིས་བཟོས་པའི་ཟ་མ་གཏོགས་ཡོད་པ་མ་རེད།

སྔོ་ཚལ་དེ་རིགས་ང་ཚོ་དགེ་སློབ་ཚོས་འདེབས་འཛུགས་བྱེད་ཀྱིན་ཡོད་སྟབས། དེས་སློབ་ཕྲུག་ཚོར་སྔོ་ཚལ་འདེབས་འཛུགས་ཀྱི་ཤེས་བྱ་མང་པོ་ཞིག་འཐོབ་ཀྱི་ཡོད་པ་རེད། ས་བབ་མཐོ་སྒང་དུ་ང་ཚོས་སྔོ་ཚལ་འདེབས་འཛུགས་ཐུབ་པ་བྱུང་བ་དེ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད་ལ། སྔོ་ཚལ་དེས་སློབ་ཕྲུག་ཚོར་ཟས་བཅུད་ཀྱི་ནུས་པོ་ཆེན་པོ་སྤྲོད་ཀྱི་ཡོད། ཡིན་ནའང་ང་ཚོར་སྔོ་ཚལ་འདང་ངེས་ཤིག་བཟའ་རྒྱུ་ཡོད་པ་མ་རེད།

ང་ཚོས་འབྲོག་པ་སེམས་བཟང་ཞིག་གིས་བཟོས་པའི་ཁང་པ་ཞིག་གི་ནང་དཔེ་ཀློག་བྱེད་ཀྱིན་ཡོད། ང་ཚོས་སློབ་ཕྲུག་ཚོར་ཁོ་ཚོ་ནི་མ་འོངས་པའི་གསོན་རྩ་ཡིན་པའི་ངེས་ཤེས་སྐྱེ་རུ་འཇུག་གི་ཡོད། གཟའ་ཟླ་བ་དང་གཟའ་ཕུར་བའི་ཉིན་འཆར་ཅན་ལྟར་ང་ཚོས་དཔེ་ཀློག་ཁང་གི་སྒོ་ཕྱེས་ནས་དཔེ་ཀློག་བྱེད་ཀྱིན་ཡོད། དེ་མིན་གཞན། ང་ཚོར་ཡིག་གཟུགས་སྦྱོར་བརྡར་དང་རི་མོ་སྦྱོང་བརྡར། རྐང་རྩེད་སྤོ་ལོ་སྦྱོང་བརྡར་སོགས་ཀྱི་བྱེད་སྒོ་ཡོད་ལ། བྱེད་སྒོ་དེ་དག་ནི་སློབ་ཕྲུག་ཚོའི་ཁམས་དང་མོས་པར་བསྟུན་ཏེ་ཁོ་ཚོར་མཐོང་རྒྱ་བསྐྱེད་རྒྱུ་དེ་ཡིན།

སློབ་གྲྭའི་ནང་ཁྱེད་ཀྱིས་བོད་མིའི་རིག་གཞུང་ཇི་ལྟར་རྒྱུན་འཛིན་བྱེད་ཀྱིན་ཡོད་དམ།

ང་ཚོས་ཉིན་རེའི་སློབ་ཁྲིད་དང་སྦྱོང་བརྡར་འཛིན་གྲྭར་བརྟེན་ནས་སློབ་ཕྲུག་ཚོར་བོད་མིའི་སྲོལ་རྒྱུན་རིག་གཞུང་ལ་ངེས་ཤེས་སྐྱེ་ཐབས་བྱེད་ཀྱི་ཡོད་ལ། ང་ཚོས་བོད་ཡིག་ཐོག་ནས་ཡ་རབས་བཟང་སྤྱོད་དང་ཚན་རིག་སོགས་སློབ་ཁྲིད་བྱེད་ཀྱིན་ཡོད། ང་ཚོས་དེང་རབས་རྒྱ་ཡིག་ (Putonghua) དང་བོད་ཡིག་གཉིས་སློབ་ཁྲིད་བྱེད་ཀྱིན་ཡོད། ང་ཚོའི་སྤྱི་སྐད་གཞིར་བཟུང་གིས་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད། ང་ཚོས་ལུང་སྐད་ཀྱི་ཐོག་ནས་ཀྱང་སློབ་ཁྲིད་བྱེད་ཀྱི་ཡོད་ལ། དེའི་ནང་བོད་ཡིག་གི་ཡིག་གཟུགས་སྦྱོར་བརྡར་ཡང་ཚུད་ཡོད།

ཁྱེད་ཀྱིས་སློབ་འཁྲིད་ཕྱིར་འཐེན་བྱས་པ་དེ་འདྲ་བྱུང་མྱོང་ངམ།

ལོ་རེའི་ཕྱི་ཟླ་ ༡༢ ནང་གྲང་ངར་ཆེ་ཞིང་ཁ་བ་བུ་ཡུག་འཚུབ་པའི་སྐབས་སུ་མཚམས་ལ་རེར་ངས་སློབ་འཁྲིད་ཕྱིར་འཐེན་བྱེད་དགོས་སྙམ་པའི་བསམ་བློ་འཁོར་མྱོང་ཡོད་ལ། གནམ་གཤིས་འཁྱག་སྐབས་སྒེའུ་ཁུང་ཕྱི་ལོགས་སུ་ལྟ་དུས། ང་ཚོའི་སློབ་གྲྭ་ནི་མི་མེད་ལུང་སྟོང་ཞིག་ཏུ་ཡོད་པ་དང་། ལྷག་པར་དུ་གྲང་རླུང་ལྡང་དུས་ངས་རང་ཉིད་ཀྱི་ཕ་ཡུལ་ཧ་ཅང་དྲན་གྱི་འདུག ངས་སློབ་འཁྲིད་མཚམས་བཞག་ནས་ཕྱིར་རང་ཡུལ་ལ་འགྲོ་འདོད་ཆེན་པོ་སྐྱེས་མྱོང་ཡོད། ༢༠༡༢ ལོར་སྐད་འཕྲིན་བརྒྱུད་ལམ་དུ་ངས་རང་ཉིད་ཀྱི་དགེ་རྒན་འཚོ་བའི་དཀའ་སྡུག་གི་སྐོར་ཟིན་ཐོར་འགོད་སྐབས། ངས་ “སློབ་གླིང་འདིར་དཔྱིད་དཔལ་གྱི་དབུགས་དབྱང་མི་འདུག སློབ་ཕྲུག་ཚོས་ཁམ་བུའི་མེ་ཏོག་བཞད་ཚུལ་མཐོང་མ་མྱོང་། ང་ཚོ་དགུན་འཁྱག་བཞུད་རྗེས་ཀྱི་དབྱར་ཟླའི་དྲོ་ཁོལ་ལ་འཁྲེང་ཡོད། སློབ་གླིང་འདིར། སློབ་ཕྲུག་ཚོས་བདག་གི་རེ་བ་ཁུར་ནས་འགྲོ་བཞིན་འདུག” ཅེས་བྲིས་ཡོད།

ཁྱེད་ཀྱིས་སློབ་གྲྭའི་མ་འོངས་པར་རེ་བ་ག་འདྲ་ཞིག་བཟུང་ཡོད་དམ།

དྲང་མོར་བཤད་ན། ས་བབ་མཐོ་བའི་དབང་གིས་འདི་ལོར་དབང་འཛིན་དཔོན་རིགས་ཚོས་ང་ཚོའི་སློབ་གྲྭ་དེ་སྣ་དཀར་རྩེ་རྫོང་ (Nagarze county) གི་གཞི་རིམ་སློབ་གྲྭར་ཟླ་བསྒྲིལ་གཏོང་རྒྱུ་གཏན་འཁེལ་བྱས་ཡོད་པ་དང་། སློབ་གྲྭའི་ཁང་པ་འགྲུབ་རྗེས། ང་ཚོ་དེ་གར་གནས་སྤོར་འཆར་ཡོད། གནམ་གཤིས་དྲོ་གྲང་དང་། ཁོར་ཡུག་དང་ཐོན་ཁུངས་བཅས་ཀྱི་རྐྱེན་པས། དགེ་སློབ་ཚོའི་འཚོ་གནས་བདེ་ཐང་ལ་འཇིག་ཉེན་ཆེན་པོ་ཡོད་སྟབས། ང་ཚོ་ས་བབ་དམའ་སར་གནས་སྤོ་ཐུབ་པ་བྱུང་ན། དེ་ཧ་ཅང་ལེགས་པོ་འདུག་སྙམ།

[1] (Puma Jiangtang)ཞེས་པ་དེ་ད་ལྟའི་རྒྱ་གཞུང་གིས་བཅད་བགོས་བྱས་པའི་གཞིས་རྩེ་དང་ལྷོ་ཁ་ས་ཁུལ་གང་རུང་འོག་གི་ས་མིང་ཞིག་མིན་ནམ་སྙམ་ཡང་། བོད་ཡིག་ནང་ས་མིང་དེ་རྙེད་ཐབས་མ་བྱུང་བས་སྒྲ་ཇི་བཞིན་བསྒྱུར་ཡོད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་གྱིས་བཅར་འདྲི། པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༦/༡༦

Leave a Reply