ལོ་ ༤༠༠ སྔོན་ལ་གྲུ་གཟིངས་འགྱེལ་ཤུལ་ནས་རྙེད་པའི་རིན་ཆེན་མར་གད།

རིན་ཆེན་རྒྱལ་ཆ་འདི་དག་རྒྱལ་མོ་ཀཱི་ལེའོ་པཱ་ཏྲཱ་(Cleopatra ཁོ་ནི་ཨི་ཇིབ་ཀྱི་རྒྱལ་མོ་ཞིག་རེད།)ཡིས་བཏགས་པ་དང་། མཛེས་མ་ཨི་ལི་ཛཱ་ཝེཊ་ཏཱེ་ལཱོར་(Elizabeth Taylor དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་པ་ཞིག་རེད།) གྱིས་དགའ་མོས་བྱེད། ཨི་ཇིབ་ཀྱི་མིས་རྒྱན་ཆ་དེ་དག་གིས་མི་ཚེ་རྟག་བརྟན་དུ་བསྒྱུར་ཐུབ་པའི་ནུས་པ་ཡོད་པར་ཡིད་ཆེས་བྱས་པ་རེད།

སྤྱིར་རྡོ་རྗེ་ཕ་ལམ་ནི་སྐད་གྲགས་ཆེ་ཞིང་། བུད་མེད་ཚོས་ཧ་ཅང་དགའ་མོས་བྱེད་ཡུལ་ཞིག་ཡིན་ཡང་། མར་གད་ནི་དེ་ལས་ཀྱང་དཀོན་ཞིང་རིན་ཐང་ཆེ་བ་ཞིག་ཡིན། ཨ་རིའི་གྲོང་འཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཚོང་འབྲེལ་ཚོགས་པའི་སྐུ་ཚབ་ཨཱ་མཱན་ཌ་གྷིས་ཛི་(Amanda Gizzi)ལགས་ཀྱིས་ “མར་གད་ནི་ཚོན་མདོག་ཡག་ལ་ལོ་རྒྱུས་རིན་ཐང་ལྡན་པ་མ་ཟད། གཞན་དང་མ་འདྲ་བའི་ཁྱད་ཆོས་ཡོད་སྟབས། རྒྱན་ཆའི་ཚོང་བ་ཚོས་འདི་ལ་དམིགས་བསལ་རིན་ཐང་ཅན་དུ་བརྩི།” ཞེས་བརྗོད་ཡོད།

ད་ལོའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན། ནེའུ་ཡོག་རིན་སྤར་ཚོང་སྒྱུར་ཁང་(Guernsey’s Auction House)དུ་རིན་ཐང་ཆེ་ཞིང་ཡིད་དབང་འཕྲོག་པའི་མར་གད་ཁ་ཤས་འཛམ་གླིང་མི་མང་ལ་ཚོང་སྒྱུར་འགྲེམ་སྟོན་བྱ་རྒྱུ་ཡིན་པ་དང་། སྐབས་དེར་ཁྱེད་ཅག་གིས་རིན་ཆེན་རྒྱན་ཆ་དེ་དག་མཐོང་ཐུབ་ངེས་ཡིན།

རིན་སྤར་ཚོང་སྒྱུར་དེའི་སྟེང་། མར་གད་ཆེད་མཁས་པ་སྐུ་ཞབས་མཱ་ནཱུལ་མཱར་ཤཱ་ཡེལ་གྷི་གྷོ་མཱར་(Manual Marcial de Gomar)ལགས་ཀྱིས་མར་གད་སྐོར་ལ་ཡུན་རིང་ཕྱག་ལས་གནང་པའི་རིང་གསོག་ཉར་བྱས་པའི་རིན་ཆེན་མར་གད་རྣམས་འགྲེམ་སྟོན་བྱ་རྒྱུ་རེད། དེར་མར་གད་དུམ་བུ་ཆུང་ཆུང་གྲངས་ ༢༠ དང་། རྡོ་དང་མཉམ་འབྱར་བྱས་ཡོད་པ་ཁ་ཤས། ཡ་མཚན་ཅན་གྱི་རྒྱན་ཆ་ ༡༣ བཅས་འགྲེམ་སྟོན་བྱ་རྒྱུ་ཡིན་འདུག

ཐེངས་འདིའི་རིན་སྤར་ཚོང་སྒྱུར་སྟེང་། ལོ་ངོ་ ༤༠༠ སྔ་རོལ་ཏེ་ཕྱི་ལོ་ ༡༦༢༢ ལོའི་ཧྥི་ལོ་རེ་ཌ་(Florida Coast)མཚོ་ཐོག་ཏུ། སི་པེན་རྒྱལ་ཁབ་(Spanish)ཀྱི་གྲུ་གཟིངས་ཤིག་འགྱེལ་དེ་ཆུའི་ནང་ནུབ་སྟེ། ལོ་མང་འདས་རྗེས་མཚོ་ཞབས་ནས་རྙེད་སོན་བྱུང་བའི་མར་གད་མང་པོ་ཞིག་ཡོད། སི་པེན་རྒྱལ་ཁབ་ཀྱི་གྲུ་གཟིངས་འགྱེལ་པ་དེ་ནི་ “ལོ་རྒྱུས་ཐོག་རིན་ཐང་ཆེ་ཤོས་ཀྱི་གྲུ་གཟིངས་འགྱེལ་ཏེ་མཚོ་ནང་ནུབ་པ།” ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སྐབས་དེར་གྲུ་གཟིངས་ནང་མཱུ་ཛོ་(Muzo འཛམ་གླིང་གི་མར་གད་སྤུས་ཀ་ཡག་ཤོས་འདོན་སའི་ཀཱོ་ལོམ་བྷི་ཡའི་ས་ཆ་ཞིག)ཡི་མར་གད་མང་པོ་ཞིག་སྐྱེལ་འདྲེན་བྱེད་ཀྱིན་ཡོད་སྟབས། དོན་རྐྱེན་དེར་དོ་སྣང་དང་ཞིབ་འཇུག་བྱེད་མཁན་མང་པོ་བྱུང་ཡོད།

ཆུར་ནུབ་པའི་གཏེར་ཁ།

༡༩༨༠ ལོར་གཏེར་ཁ་འཚོལ་ཞིབ་བྱེད་མཁན་སྐུ་ཞབས་མཱིལ་ཧྥེ་ཤཱར་(Mel Fisher)ལགས་ཀྱིས་རོགས་པར་མར་གད་བརྟག་ཞིབ་མཁས་པ་སྐུ་ཞབས་མཱར་ཤཱ་ཡེལ་(Marcial)ལགས་སོགས་ཁྲིད་དེ། གྲུ་གཟིངས་དེ་འགྱེལ་སའི་མཚོ་ཁ་དེར་རིན་པོ་ཆེ་དེ་དག་འཚོལ་ཞིབ་བྱེད་པར་ཕྱིན་ཡོད། འཚོལ་ཞིབ་ལེགས་འགྲུབ་བྱུང་རྗེས། ཁོས་སྐུ་ཞབས་མཱར་ཤཱ་ཡེལ་ལགས་སུ་རྡོ་ལ་སྦྱར་ཡོད་པའི་མར་གད་དུམ་བུ་ ༩ སྤྲད་ཡོད་ཅིང་། དེ་དག་གི་མིང་ལ་ཨཱན་ཌེས་ཀྱི་ཀ་བ་དགུ་(Nine pillars of Andes)ཞེས་ཟེར། ཐེངས་འདིར་རིན་པོ་ཆེ་དེ་དག་ཀྱང་རིན་སྤར་ཚོང་སྒྱུར་བྱ་རྒྱུ་ཡིན་འདུག མར་གད་དགུ་དེར་སྲང་འབྲུ་ ༩༡ ཡོད་པ་དང་། ཚོད་དཔག་བྱས་ན་རིན་གོང་ཨ་སྒོར་ས་ཡ་གཉིས་དང་ཕྱེད་ནས་ས་ཡ་གསུམ་དང་ཕྱེད་ལྷག་ཡིན་འདུག གཞན། རྒྱ་མཚོའི་སྲས་མོ་(Queen of the Sea)ཞེས་པའི་མར་གད་དེར་སྲང་འབྲུ་ ༤ .༣༩ ཡོད་པ་དེར་རིན་གོང་ཨ་སྒོར་ ༢༥༠༠༠༠ ནས་ ༣༥༠༠༠༠ ཙམ་ལ་བཙོང་རྒྱུ་ཡིན་འདུག

ཐེངས་འདིའི་རིན་སྤར་ཚོང་སྒྱུར་སྟེང་སྲང་འབྲུ་ ༨༨༧ ཅན་གྱི་མར་གད་ཅིག་ཡོད་ཅིང་། སྤྱིར་འཛམ་གླིང་གི་འགྲེམ་སྟོན་ཁང་ཁག་ནང་གི་གཟུགས་དབྱིབས་དང་རིན་གོང་ཆེ་ཤོས་ཀྱི་མར་གད་དེ་ཨ་སྒོར་ས་ཡ་ ༤ ནས་ ༥ བར་ཡིན་ཡང་། མཱར་ཤཱ་ཡཱེལ་ལགས་ཀྱིས་རྙེད་སོན་བྱུང་བའི་མར་གད་དེར་ཨ་སྒོར་ས་ཡ་ ༢ ནས་ ༣ བར་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག ཁོའི་མར་གད་དེ་ནི་འཛམ་གླིང་ཐོག་མར་གད་ཆེ་ཤོས་གྲངས་ ༡༡ ཡོད་པའི་གྲས་ཀྱི་གཅིག་ཡིན།

ཐུན་མོང་མ་ཡིན་པ།

དེང་སྐབས་རྡོ་ཚོན་སྣ་ཚོགས་སྦྱར་ནས་བཟོས་པའི་རྒྱན་ཆའི་རིགས་དར་སྲོལ་ཆེན་པོ་ཡིན་སྟབས། མར་གད་ལ་དམིགས་བསལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ནེའུ་ཡོག་ཚོང་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་གྷིས་ཛི་(Gizzi)ལགས་ཀྱིས། ༢༠༡༧ ལོར་མར་གད་དང་རྡོ་ཚོན་སྣ་ཚོགས་ཡོད་པའི་རྒྱན་ཆའི་རིགས་ལ་ཚོང་ཡག་པོ་ཡོང་གི་རེད་ཅེས་བརྗོད་ཡོད།

གཏེར་རྫས་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་མར་གད་ཚོན་མདོག་ལྗང་ཁུ་ཡིན་དོན་ནི། མར་གད་ནང་རྫས་རིགས་ཀཱོ་རོ་མི་ཡཱམ་(Chromium)། ཝེ་ན་ཌ་ཡཱམ་(Vanadium)། ལྕགས་སོགས་ཡོད་པས་ཡིན་པ་དང་། རྫས་རིགས་དེ་དག་ཡོད་སྟབས་རྡོ་ནི་རིམ་གྱིས་གས་ཆག་འགྲོ་བཞིན་ཡོད་ཟེར། སྤྱིར་མར་གད་དང་རྡོ་རྗེ་ཕ་ལམ་གཉིས་ནི་གཅིག་ཏུ་རྩི་བཞིན་ཡོད་ལ། མར་གད་ཡག་ཤོས་དེ་ཚོའང་རྡོ་རྗེ་ཕ་ལམ་ཡག་པོ་ལྟར་ཧ་ཅང་གསལ་ཐིང་ཐིང་ཞིག་ཡིན། མར་གད་ལ་ཧྥ་རན་སཱི་(French)སྐད་དུ་ “ཇཱར་དྷིན་”(Jardins)ཏེ་ལྡུམ་རྭ་ཞེས་ཟེར།

སྤྱིར་བཏང་མར་གད་དང་རྡོ་རྗེ་ཕ་ལམ་ནི་རབ་རིབ་ཅིག་ཡིན་ཡང་། ཉོ་མཁན་ཚོས་རབ་རིབ་མེད་པར་གསལ་ཐིང་ཐིང་ལ་དགའ་བོ་བྱེད་ཀྱི་ཡོད་སྟབས། ཚོང་པ་ཚོས་མར་གད་ཕྱིས་བརྡར་བྱས་ཏེ་རབ་རིབ་མེད་པ་བཟོ་བཞིན་ཡོད་མོད། ཐེངས་འདིའི་རིན་སྤར་ཚོང་སྒྱུར་སྟེང་གི་མཱར་ཤཱ་ཡེལ་གྱི་ནོར་བུ་དག་ཉོ་མཁན་ཚོའི་འདོད་བློ་ལྟར་རབ་རིབ་གས་ཆག་སོགས་རང་འཇགས་བཞག་ཡོད། འགྲེམ་སྟོན་པ་ཚོས་ཁྱད་ཆོས་དེ་དག་གིས་འཛམ་གླིང་གི་རང་བྱུང་གཏེར་རྡོ་རྣམས་ཇི་ལྟར་འཐོན་གྱི་ཡོད་པ་གསལ་པོར་བསྟན་ཡོད་ཟེར།

རྒྱན་ཆ་བཟོས་པ།

སྐུ་ཞབས་མཱར་ཤ་ཡཱེལ་གྱིས་རིན་སྤར་ཚོང་སྒྱུར་སྐབས་མར་གད་གཅིག་པུ་མིན་པར། གྲུ་གཟིངས་དོན་རྐྱེན་བྱུང་ཡུལ་ནས་རྙེད་པའི་གསེར་དང་དངུལ་གྱི་ཊམ་ཀ་དང་། ཁོ་རང་གིས་ཇུས་འགོད་བྱས་པའི་གསེར་དངུལ་རྒྱན་ཆའི་རིགས་ཀྱང་བཙོང་རྒྱུ་ཡིན་འདུག སྲང་འབྲུ་ ༢༤ །༣༤ ཡོད་པའི་མར་གད་དང་རྡོ་རྗེ་ཕ་ལམ་འདྲེས་མའི་རྒྱན་ཆ་ཀཱོ་རོ་ནཱ་དྷི་མཱོ་ཛོ་(Corona de Muzo)ཞེས་པ་དེའང་བཙོང་རྒྱུ་ཡིན་འདུག དེར་ཚོད་དཔག་བྱས་ན་ཨ་སྒོར་ས་ཡ་ ༥ ནས་ ༦ བར་ཡིན་འདུག ད་དུང་། རྡོ་རྗེ་ཕ་ལམ་དུམ་བུ་༨༨༩ དང་། མར་གད་ ༣༥ བཅས་ཀྱིས་བརྐོས་སྦྱོར་བྱས་ཏེ་བཟོས་པའི་ཐུན་མོང་མ་ཡིན་པའི་རྒྱན་ཆ་ཀཱོན་ཀཱུས་ཊ་ཌོ་རཱ་(Conquistadora)ཟེར་བའི་སྐེ་རྒྱན་དང་ཅོད་པན་གཉིས་ཀྱང་བཙོང་རྒྱུ་ཡིན་པ་དང་། དེར་ཚོད་དཔག་བྱས་ན་ཨ་སྒོར་ ༡༥༠༠༠༠ ནས་ ༢༥༠༠༠༠ བར་ཡིན་འདུག

རིན་སྤར་ཚོང་སྒྱུར་དེ་ནི་ཐད་གཏོང་དྲྭ་རྒྱའི་བརྒྱུད་ནས་ཉོ་ཆོག་མོད། འོན་ཀྱང་། དེ་ནི་ཁྱད་མཚར་ཞིག་དང་ཉེན་ཁ་ཅན་ཞིག་ཡིན་སྲིད། སྐེ་རྒྱན་ནམ་གཏེར་རྡོ་དེ་དག་རང་གིས་དངོས་སུ་མཐོང་མ་མྱོང་བར་ཨ་སྒོར་འབུམ་ཕྲག་མང་པོ་སྤྲད་དེ་ཇི་ལྟར་ཉོ་དགོས་སམ། འོན་ཀྱང་། མི་མིང་ཨི་ཏིན་གྷར་(Ettenger)ཟེར་བ་ཞིག་གིས་ “མིག་གིས་དངོས་སུ་མ་མཐོང་ཡང་རིན་གོང་ཆེན་པོས་ཚོང་རྒྱག་མཁན་མང་པོ་ཡོད་རེད།” ཅེས་བརྗོད་འདུག ཁོས་དེར་སྣོན་མ་བྱས་ཏེ་ “ང་ཚོས་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་བསླེབ་སྐབས་ལྟད་མོ་བལྟས་ན་ཆོག་གི་རེད།”ཅེས་ཟེར་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་སི་ཨན་ཨན་གསར་འགོད་པ་ཨཱ་བྷི་གྷ་ཡེལ་ཨཱར་ཨིས་མྷེན་(Abigail R. Esman)གྱིས་བྲིས།

 

བསྐྱར་བཅོས།: ༢༠༡༧/༠༣/༡༩

Leave a Reply