ལོ་བཅུ་དྲུག་འགོར་རྗེས་ཨ་རིའི་རི་འཛེཊ་པའི་ཕུང་པོ་བོད་ནས་བརྙེད།

ཉེ་སྔོན་ལོ་ངོ་ ༡༦ རིང་གར་སོང་ཆ་མེད་དུ་གྱུར་བའི་ཨ་རིའི་རི་འཛེགས་པ་གྲགས་ཅན་ཨ་ལི་སི་ལོའུ་(Alex Lowe)དང་ཁོང་གི་གྲོགས་པོའི་ཕུང་པོ་བོད་ཀྱི་རི་བོ་ཤིས་ས་སྤང་མའི་འཁྱག་རོང་ནས་བརྙེད་ཡོད་འདུག

ཕྱི་ལོ་ ༡༩༩༩ ལོར་ཨ་རིའི་རྟོག་ཞིབ་ཚོགས་པ་ཞིག་གིས། བོད་གཞིས་ཀ་རྩེ་གཉའ་ལམ་རྫོང་ཁོངས་སུ་ཡོད་པའི་འཛམ་གླིང་གི་རི་བོ་མཐོ་ཤོས་ ༡༤ པ་མཐོ་ཚད་མི་ཊར་ ༨༠༡༣ ལྷག་ཡོད་པའི་ཤིས་ས་སྤང་མའི་རི་རྒྱུད་དུ་ཞིབ་འཇུག་གི་འགྲུལ་བཞུད་གནང་སྐབས། ལོ་དེའི་ཕྱི་ཟླ་ ༡༠ པའི་ནང་རི་རྒྱུད་དེར་གངས་ཆར་དྲག་པོ་བབས་ཡོད་པར་བརྟེན། རི་འཛེགས་པ་གྲགས་ཅན་ཨ་ལི་སི་ལོའུ་དང་། བརྙན་ལེན་པ་ཌཱ་ཝི་བྷིར་ཇི་(David Bridge)་གཉིས་བོར་བརླག་ཏུ་ཕྱིན་ཡོད་པ་དང་། ཉིན་གྲངས་མང་པོར་འཚོལ་ཞིབ་བྱས་ཡོད་ཀྱང་རྙེད་སོན་བྱུང་མེད་སྟབས། ཕྱིས་སུ་རྟོག་ཞིབ་ཚོགས་པ་དེས་ཁོང་གཉིས་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བསྒྲགས་ཡོད་པ་རེད།

ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ཨ་ལི་སི་ལོའུ་ཡི་བཟའ་ཟླ་(Jennifer Lowe-Anker)དང་མོའི་ད་ལྟའི་ཁྱོ་ག་ཁན་ར་ཌི་ཨན་ཁིར་(Conrad Anker)གཉིས་ལ་དབྱིན་ཇིའི་རི་འཛེགས་པ་གྲགས་ཅན་ཌ་ཝི་གྷོ་ལིར་(David Goettler) དང་། ཉིན་ཤས་སྔོན་ཇོ་མོ་གླང་མའི་གཡང་གཟར་དུ་ལྷུང་སྟེ་རྐྱེན་འདས་སུ་ཕྱིན་པའི་སུད་སིའི་རི་འཛེགས་པ་གྲགས་ཅན་ཨུ་ལི་སི་ཊག་(Ueli Steck)གཉིས་ཀྱིས་བོད་ནས་ཁ་པར་ཡོང་སྟེ། ལོ་ངོ་ ༡༦ གི་ཡར་སྔོན་དུ་བོར་བརླག་ཕྱིན་པའི་ཨ་ལི་སི་ལོའུ་དང་ཁོང་གི་གྲོགས་པོའི་ཕུང་པོ་རྙེད་སོན་བྱུང་བའི་གནས་ཚུལ་འགྲེལ་བརྗོད་གནང་སྐོར་བརྗོད་ཡོད་པ་རེད།

ཕུང་པོ་རྙེད་སོན་བྱུང་མཁན་རི་འཛེགས་པ་དེ་གཉིས་ཀྱིས། བོར་བརླག་ཕྱིན་པའི་རི་འཛེགས་པ་གཉིས་ཀྱི་ཕུང་པོ་ད་དུང་ཡང་སྔོ་མདོག་ཅན་གྱི་འཁྱག་པའི་ནང་ཡོད་ཀྱང་། འཁྱག་རོམ་རིམ་གྱིས་ཞུ་བ་དང་བསྟུན་ཕུང་པོ་གཉིས་ཕྱི་རུ་ཐོན་ཡོང་གི་ཡོད་སྐོར་བརྗོད་ཡོད་པ་དང་། ཨེ་ལི་སི་ལོའུ་ཡི་བཟའ་ཟླས་འགྲེལ་བརྗོད་བྱས་པའི་གཟུགས་བཟོ་ལྟ་དང་གྱོན་གོས་སོགས་ལ་བལྟས་ན་ཕུང་པོ་དེ་གཉིས་ཨ་ལི་སི་ལོའུ་དང་ཌཱ་ཝི་བྷིར་ཇི་གཉིས་ཀྱི་ཕུང་པོ་ཡིན་པ་ཐེ་ཚོམ་མེད་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༠༡ ལོར་ཨ་ལི་སི་ལོའུ་དང་ལྕམ་ཇན་ནི་ཧྥིར་ལོའུ་ཨིན་ཁར་གཉིས་གཉེན་སྒྲིག་བྱས་ཡོད་པ་དང་། ལོའུ་ཡི་མིང་ཐོག་ནས་བདེ་རྩ་ཚོགས་པ་(Alex Lower Chariable Foundation)ཟེར་བ་ཞིག་ཀྱང་བཙུགས་ཡོད་འདུག ལོའུ་བོད་ཀྱི་ཤིས་ས་སྤང་མའི་འཁྱག་རོང་ནས་བོར་བརླག་ཕྱིན་རྗེས། ལྕམ་ཇན་ནི་སི་ཧྥིར་ལགས་ཀྱིས་ཁྱོ་ག་གཉིས་པ་དང་བུ་ཕྲུག་རྣམས་འཁྲིད་དེ་ཐེངས་མང་པོར་རི་རྒྱུད་དེར་ཕྱིན་ཡོད་པ་མ་ཟད། ཡུལ་དེའི་བོད་མི་ཚོར་འབྲེལ་འདྲིས་མང་པོ་བྱས་ཡོད་འདུག བོད་ནས་ཕུང་པོ་རྙེད་སོན་བྱུང་བའི་ཁ་པར་འབྱོར་སྐབས། བཟའ་ཟླ་ཇན་ནི་ཧྥིར་དང་མོའི་ཁྱོ་ག་གཉིས་པས་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་རུ་ཡོད་པའི་རི་འཛེགས་སྦྱོང་བརྡར་སློབ་གྲྭའི་འཛུགས་སྐྲུན་ལས་གཞིར་གཟིགས་ཞིབ་གནང་སྟེ་ཕྱིར་ཨ་རིར་ལོག་རྩིས་བྱེད་བཞིན་ཡོད་པ་དང་། ལྕམ་ཇན་ནི་ཧྥིར་གྱིས་མ་འོངས་པར་ཁྱིམ་མི་ཚང་མ་ཤིས་ས་སྤང་མ་རུ་སོང་སྟེ། ཁོང་གཉིས་ཀྱི་ཕུང་པོ་འཁྱག་རོང་ལས་ཕྱིར་འདོན་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༠༦

Leave a Reply