ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་ཆུ་སྒང་དམག་སྒར་དབུ་བརྙེས་ཏེ་ལོ་ ༥༩ འཁོར།

དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལར། ལྡི་ལི་བསམ་ཡས་གླིང་དུ་རྟེན་གཞི་བྱས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཉིས་ཀྱིས་ས་གནས་སོ་སོར། བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཆུ་བཞི་སྒང་དྲུག་དབུ་བརྙས་ཏེ་ལོ་ངོ་ ༥༩ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

ད་ནིང་ཞོགས་པའི་ཆུ་ཚོད་ ༧།༣༠ སྟེང་། ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ། མདོ་ཁམས་ཆུ་བཞི་སྒང་དྲུག་གིས་དུས་དྲན་སྲུང་གཙི་ཞུས་པའི་སྟེང་། སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཨ་ཅཱཡྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་གཙོས་པའི་བཞུགས་སྒར་ཁུལ་གྱི་མདོ་སྟོད་སེར་སྐྱ་མི་མང་ཁག་ཅིག་ཕེབས་འདུག མདོ་ཁམས་ཆུ་སྒང་གི་གསུང་འཕྲིན་ནང་། ༡༩༥༨ ལོའི་ཟླ་ ༢ ཚེས་ ༡༨ ཉིན་སྦྱིན་བདག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གཙོས་པའི་མདོ་ཁམས་ཡུལ་གྱི་གནད་ཡོད་མི་སྣ་བཞི་བཅུ་རྒྱལ་ས་ལྷ་སར་ཨ་འབྲུག་ཚང་གི་མཆོད་ཁང་དུ་གསང་སྟབས་ཀྱིས་འཛོམས་ཏེ། བོད་རང་དབང་རང་བཙན་གྱི་བདག་དབང་སྲུང་སྐྱོབ་ཆེད། གཅེས་སྲོག་བློས་གཏོང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་གི་སྒྲིག་འཛུགས་བཙུགས་ཏེ་དགྲ་བོར་རྒོལ་ལན་སློག་པའི་མནའ་གན་བཞག་པ་རེད།

སྔ་ཕྱིར་དགྲ་བོར་འཐབ་རྒོལ་རིམ་པར་བྱས་པའི་དངོས་ཡོད་ལོ་རྒྱུས་མང་པོ་ཞིག་དེང་སྐབས་དབྱིན་རྒྱ་སྐད་ཡིག་གཉིས་ནང་དུའང་འཐོན་བཞིན་ཡོད་པ་དང་། ད་བར་༧གོང་ས་མཆོག་གི་ཐུགས་བསྐྱེད་ཉི་མའི་འོད་སྣང་དང་མ་འབྲལ་བར། རང་འགན་རང་ཁུར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འོག་དཔུང་འདེགས་སུ་རྩ་ཆེའི་སྒྲིག་འཛུགས་འདིའི་ངོ་བོ་མ་བརླག་པའི་ཐོག་ནས་མུ་མཐུད་མཇུག་སྐྱོང་བ་དང་། འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གྲོས་ཚོགས་འཐུས་མི། དེ་བཞིན། གནད་ཡོད་མི་སྣ་ཚོར་བོད་དོན་བདེན་མཐའ་གསལ་ཐབས་ཆེད་ལས་འགུལ་སྤེལ་མུས་ཡིན།

༧གོང་ས་མཆོག་གི་ལམ་སྟོན་ལྟར། རྒྱལ་གཅེས་དཔའ་བོ་ཚོའི་ལོ་རྒྱུས་རྩོམ་སྒྲིག་དང་། རྒན་རབས་པ་ཚོར་དཀའ་དྲིན་རྗེས་དྲན་ཞུ་ཆེད་དུས་རྒྱུན་ཆུ་སྒང་རྒན་གསོ་ཁང་དུ་རྒན་རབས་པ་ཚོར་ལྟ་སྐྱོང་དང་། ལོ་ལྟར་རྒན་རབས་པ་ ༡༣༠ འཚོ་སྣོན་རོགས་སྐྱོར་འབུལ་བཞིན་ཡོད་པ་མ་ཟད། མ་འོངས་བོད་ཀྱི་སོན་རྩར་གྱུར་བའི་བོད་ཀྱི་སློབ་ཕྲུག་ཚོར་སྐུལ་ལྕག་དང་རྒྱབ་སྐྱོར་ཆེད་ལོ་ལྟར་ཕྱི་ལུགས་མཐོ་རིམ་སློབ་གྲྭར་འགྲིམ་མཁན་གྱི་གཞོན་སྐྱེས་ ༦༠ དང་། བོད་ཡིག་གི་ལམ་ནས་མཐོ་རིམ་སློབ་གྲྭ་འགྲིམ་མཁན་ ༥ བཅས་ལ་སློབ་ཡོན་འབུལ་བཞིན་ཡོད།

ད་བར་རྟ་ཡིས་ལྕང་མ་ཟ་བ་དེ། ར་ཡིས་རྟ་ལ་བསླབས་པ་ཡིན་ཞེས་པའི་དཔེ་ལྟར། ཉི་མ་གང་དྲོ་དང་། ས་ཆ་གང་སྐྱིད་ལ་རྒྱུག་འདུག་མཁན་ཁ་ཅིག་གིས་སྒྲིག་འཛུགས་འདི་དང་། ཆེས་མཐོའི་དཔོན་རིགས་འགའ་ལ་ཁྲག་ཤུལ་ཆུ་བཤལ་གྱིས་བྱ་དེ་ཕོས་དེ་རེད་མ་ལབ་གོང་། ངང་པས་ང་ཡིན་ཞེས་རང་མདོག་བསྟོན་སོང་མོད། ཁྱི་ཕྲུ་གུ་གཉིས་ཀྱིས་ཉེ་ངོ་དང་། བྱ་རི་དྭགས་གཉིས་ཀྱིས་དགྲ་ངོ་ཤེས་པ་ལྟར་བཏང་སྙོམས་སུ་བཞག་ཡོད། དེ་བཞིན། ཁྲ་ཆུང་མིག་གིས་རྒྱུ་རིག་ནས། གངས་དཀར་སེམས་ལ་འདྲེ་ཞུགས་ཏེ་གཏམ་ཨ་ཕས་བཤད་རྒྱུར་ཨ་མས་བཤད། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་སྟེ་སྒྲིག་འཛུགས་འདིའི་མདུན་ལམ་དང་། མཚན་མཐོང་ལ་བསམ་སྦྱོར་ངན་པ་བྱེད་མཁན་ཡང་བྱུང་མོད། དེང་སང་ནི་རི་བོ་ཆེན་པོ་རླུང་གིས་འཁུར་བ་དང་། རྒྱ་མཚོ་ཆེན་པོ་མེ་ཡིས་བསྐམ་ཐུབ་ས་མེད་པས་འདི་ནས་ཀྱང་དུས་གྲོན་བྱས་མེད།

འོན་ཀྱང་ལྷ་སར་གསོལ་བ་འདེབས་དུས། རིགས་དྲུག་སེམས་ལ་འཁོར་དགོས་མོད། དེང་སང་མདའ་མོ་འཕེལ་འདོད་མིན་པ། གཞུ་མོ་བཙོག་འདོད་ཅན་གྱི་གང་ཟག་རེ་ཉིས་ཤིག་འོས་བསྡུའི་ཡོ་ལང་གསེང་ནས་རྒྱལ་བའི་སྐུ་ལ་བསེ་རག་ལག་པས་མཐོ་འཇལ་བྱེད་མཁན་འདུག་པ་ལྟར་ཡང་། ཇག་པ་ལ་རྫུ་འཕྲུལ་གྱི་སྟོབས་ཡོད་ན། བདག་པོ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་དགོས་པ་ལྟར་རྗེས་ཕྱོགས་མདོ་ཁམས་མང་ཚོགས་ཀྱིས་ཀྱང་དོ་སྣང་བྱེད་དགོས་པར་སྣང་ཞེས་ཞུ་འདོད་བྱུང་།

“སྤྱིར་ན་བོད་རྒྱའི་བཀའ་རྙོག་འདི་ལས་རྒྱ་གཞུང་གིས་གཡོལ་ཐབས་བྱེད་བཞིན་པ་ནི། དཀའ་རྙོག་འདིའི་སྣེ་མོ་ན་མེ་རི་དམར་པོ་ལྟ་བུའི་འཐོར་ལ་ཉེ་བའི་སྲིད་བྱུས་གདུག་རྩུབ་ཅན་ཞིག་ཡོད་པས་ཡིན་མོད། དེ་ནི་ནམ་རིང་སྒྲུང་གིས་ཆོད་ཐབས་མེད་པ་ལྟར་ཡིན། འོན་ཀྱང་ད་ལྟའི་དུས་སུ་དཀའ་རྙོག་འདི་ཉིད་བཟང་ཕྱོགས་ཀྱི་ལམ་ནས་སེལ་ཐབས་ཤིག་ཡོད་པ་ནི། ༧གོང་ས་མཆོག་གི་རླབས་ཆེན་ཐུགས་བསྐྱེད་ཀྱི་ཀློང་ན་དཀའ་རྙོག་འདི་སེལ་བར་བྱེད་པའི་ལྟེའུ་མིག་ལྟ་བུའི་ཕྲིན་ལས་ཤིག་ཡོད་པ་འདི་ཁོ་ན་ཡིན་དུས། གོ་སྐབས་འདི་མ་ཤོར་བ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་རེད་ཅེས་གསལ་འདེབས་བྱ་རྒྱུ་ཡིན། ད་བར་རྒྱ་ནག་ཆེན་པོའི་ང་རྒྱལ་ཁུར་མཁན་དང་། དཀའ་རྙོག་འདིར་ལག་པ་འཆང་བའི་བློ་ཁོག་མི་ལྡན་པའི་རྒྱ་ནག་གི་དཔོན་རིགས་ཚོའི་མགོ་ལ། དཀའ་རྙོག་འདིས་ན་ཟུག་ཅི་ཆེ་གཏོང་བཞིན་ཡོད་ལ། གང་མགྱོགས་ན་ཚ་འདི་གཙང་སེལ་མ་ཐུབ་ཚེ་རིམ་པས་ན་ཚ་དེའང་སྐྲན་ནད་དུ་འགྱུར་ངེས་རེད་ཅེས་དྲན་སྐུལ་བྱེད་འདོད་བྱུང་།” ཅེས་སོགས་བཀོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་ཕེབས་པའི་ནང་། སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་དང་མི་རིགས། རང་དབང་བཅས་ཀྱི་ཆེད་དཔའ་ངར་ཞུམ་མེད་ཀྱིས་དགྲོ་བོར་ཕར་རྒོལ་ཡ་ལན་འཆར་སྒྲིག་སྔ་རྗེས་རིམ་པར་བཤམས་ཏེ། ཁ་གཏད་གདོང་ལེན་གྱི་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་ཆེན་པོ་མཆོག་བོད་བསྟན་སྲིད་ཀྱི་བདེ་ཐབས་སླད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་མཐུ་མེད་བྱུང་སྐབས་ཀྱང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་རླབས་པོ་ཆེ་བསྒྲུབས་ཡོད་པ་བཅས་ལ་ད་རེས་ཀྱི་གོ་སྐབས་འདིར་བཀའ་དྲིན་རྗེས་དྲན་དང་སྦྲགས་གུས་འདུད་ཞུ་རྒྱུ་ཡིན།

ད་བར་ཤེས་རྟོགས་ར་སྤྲོད་གསལ་བོ་བྱུང་བ་ལྟར་ན། བོད་མི་ ༡༤༩ ཡིས་རང་ལུས་མེད་བསྲེགས་གནང་བ་དང་དེའི་ཁྲོད་འདས་གྲོངས་ཕྱིན་པ་ ༡༢༧ ཆགས་ཡོད། མདོར་ན་ད་ལྟའི་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་དང་། མ་འོངས་བོད་དང་བོད་མི་ཞེས་པའི་ངོ་ངོ་དང་། ཆོས་དང་རིག་གཞུང་། གོམས་གཤིས་བཟང་པོ་རྣམས་དར་སྤེལ་ཡོང་ཆེད། བོད་མི་ཀུན་གྱིས་ནུས་ཤུགས་མཉམ་སྒྲིལ་གྱི་འཁུར་འགན་ཆེ་ཙམ་ལེན་དགོས་པའི་སྐུལ་མ་ཞིག་ཀྱང་ད་རེས་ཀྱི་དུས་སྐབས་འདི་དང་བསྟུན་ནས་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

གཞན། དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་དུ། དྷ་རམ་ས་ལར་བརྟན་གཞི་བྱེད་པའི་མདོ་སྟོད་ཆུ་བཞི་སྒང་དྲུག་གིས་དུས་དྲན་སྲུང་གཙི་ཞུས་པའི་མཛད་སྒོའི་ཐོག་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཐུབ་བསྟན་ལེགས་ཀྱིས་བསྒྲགས་གཏམ་སྒྲོག་སྦྱངས་བྱས་པའི་ནང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་སྐབས། དགུང་གྲངས་བཅུ་དྲུག་ལས་མ་སོན་པའི་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་མཐུ་མེད་བྱུང་བ་དང་། སྐབས་དེའི་གནས་བབ་དང་ཕྱི་ནང་གི་ཆ་རྐྱེན་གང་ཐད་ནས་ཐུགས་བཞེད་ལྟར་ལམ་ལྷོང་མ་བྱུང་བའི་ཁར། རྒྱ་དམར་གཞུང་ལ་བག་ཟོན་དང་བསྟུན་མཁས་ཇི་ལྟར་བྱས་ཀྱང་། མཐར་ ༡༩༥༩ ལོར་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་དགོས་བྱུང་བ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་མེད་ཚེ། ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་དང་བོད་མི་སྐྱབས་བཅོལ་བ་ཞེས་པ་འདི་མིང་གི་ལྷག་མ་ཙམ་ཡང་ཡོང་མི་སྲིད་པ་བྱུང་རིམ་ལོ་རྒྱུས་ཀྱིས་ར་སྤྲོད་གསལ་བོ་བྱས་ཡོད་པ་ནི་ཤེས་གསལ་ཡིན། སྐབས་དེར་ཀ་རྡོར་སྒང་གསུམ་ཁུལ་དུ་ཚོང་འགྲུལ་བྱེད་བཞིན་པའི་བོད་མི་རྣམས་ལ་རྒྱ་གར་གཞུང་གིས་ལག་འཁྱེར་ཕྱིར་བསྡུ་གནང་སྟེ། རང་ཡུལ་བོད་དུ་ཕྱིར་ལོག་དགོས་པའི་བཀའ་བརྡ་དངོས་སུ་བཏང་ཟིན་པ་རྒན་རབས་པ་ཚོས་མཁྱེན་གསལ་ཡིན།

འོན་ཀྱང་༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པའི་གནས་ཚུལ་གོ་ཐོས་བྱུང་འཕྲལ་རྒྱ་གར་གཞུང་ནས་མུ་མཐུད་གནས་སྡོད་ཆོག་པའི་བཀའ་འཁྲོལ་བསྐྱར་དུ་གནང་ཡོད་པ་མ་ཟད། སྐབས་དེར་བོད་མི་སེར་སྐྱ་རྒན་གཞོན་ཆིག་འབུམ་ལྷག་ལ་ཁྲིམས་མཐུན་འཚོ་སྡོད་ཆོག་པའི་ཕྱག་འཁྱེར་གནས་མལ་གང་ཐད་ནས་བཀོད་སྒྲིག་གནང་བ་དེ་དག་སུ་ཞིག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་ཤེས་གསལ་ལྟར་དང་། དུས་དེ་ནས་བཟུང་སྟེ་ད་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་བརྒྱ་ཕྲག་ཧུར་བཞེས་ལས་བྱུང་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་འཛམ་གླིང་ཐོག་གི་སྐྱབས་བཅོལ་བ་གཞན་དང་མི་འདྲ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་དང་ཆ་འཇོག་ཞུ་ཡུལ་གྱི་སྒྲིག་འཛུགས་ཁྱད་པར་བ་ཞིག་ཆགས་ཡོད།

འོན་ཀྱང་དེང་སྐབས་བསམ་མེད་ཉུང་ཤས་ཤིག་གིས་བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་མཇལ་བྱས་ཏེ། ༧གོང་ས་མཆོག་དབུས་པའི་དཔལ་ལྡན་དགའ་ལྡན་ཕོ་བྲང་བཅས་ལ་གཞི་མེད་བསྙོན་འཛུགས་དང་ཟུར་ཟ་བྱས་དང་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཆུ་སྒང་ཚོགས་པ་དང་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་མཚན་བྱང་ཁ་ལ་ཁྱེར་ཏེ་དོན་དུ་དམིགས་ཡུལ་ལོག་སྒྲུབ་བྱེད་མཁན་དག་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདིའི་མཚན་སྙན་སྲུང་སྐྱོབ་བྱ་རྒྱུ་དེ་ནི་ང་ཚོའི་ལྡོག་ཏུ་མེད་པའི་ལས་འགན་འབའ་ཞིག་ཡིན། ཞེས་སོགས་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༡༦

Leave a Reply

2 thoughts on “ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་ཆུ་སྒང་དམག་སྒར་དབུ་བརྙེས་ཏེ་ལོ་ ༥༩ འཁོར།

  1. ལྡི་ལི་ཆུ་སྒང་གིས་མདོ་སྟོད་ཆོལ་ཁ་དང་ཆུ་སྒང་ནང་ཁུལ་གྱི་ནད་ཚ་ཞིག་ལབ་བསྡད་ཀྱི་འདུག རྡ་རམ་ས་ལའི་ཆུ་སྒང་གིས་བོད་སྤྱི་དོན་དང་༧གོང་ས་མཆོག་ལ་གནོད་འཚེ་གཏོང་མཁན་ཞིག་གླེང་གི་འདུག

  2. གཞུང་པ་ཚེ་དབང་བསོད་ནམས་

    ཨ་འབྲུག་དཔའ་བོའི་རྒྱལ་གཅེས་གཏོང་འཕོད་འོག་།
    ཆོལ་གསུམ་མི་མང་མཉམ་འདུས་བསྟན་སྲུང་དམག་།
    དགྲ་བོ་ཀླ་ཀློར་གདོང་གཏུགས་སྲོག་འབེན་འོག་།
    གོང་ས་མཆོག་གི་ཕེབས་ལམ་འགན་སྲུང་བླང་།
    གཡུལ་ལས་རྣམ་པར་རྒྱལ་བའི་བསྟན་སྲུང་དམག་།
    ནང་ཁ་མཐུན་ན་བོད་མིའི་སྲོག་རྩ་བརྟན་།
    ནང་ཁུལ་དམ་ཚིག་རྡོ་རྗེའི་བྲག་ལྟར་ཟབ་།
    དུས་དྲན་སྲུང་རྩིར་དགའ་བསུའི་འཚམས་འདྲི་ཞུ་།