ལྡི་ལིའི་སློབ་ཕྲུག་ཚོགས་པ་གཉིས་བར་འཁྲུག་འཛིང་ཤོར་འདུག

ལྡི་ལིའི་མཐོ་སློབ་ཏུ་བགྲོ་གླེང་ཚོགས་འདུ་ཞིག་ལ་རྐྱེན་བྱས་ཏེ་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ཚོགས་པ་གཉིས་འཁྲུག་འཛིང་ཤོར་ཡོད་པར་སྐོར་སྲུང་བས་རྡུང་རྡེག་བཏང་ཡོད་སྟབས་སྐོར་སྲུང་བ་ཁ་ཤས་གནས་དབྱུང་བཏང་འདུག

རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༢ ཉིན་ལྡི་ལིའི་མཐོ་སློབ་རཱམ་ཇཱས་(Delhi University’s Ramjas College)ལ་སློབ་ཕྲུག་ཚོགས་པ་ཨེ་བྷི་ཝི་པཱི་(ABVP)ཞེས་པ་དང་། རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ཚོགས་པ་ཨེ་ཨའེ་ཨེས་ཨེ་(AISA)ཞེས་པ་གཉིས་ཀྱི་སློབ་ཕྲུག་བར་འཁྲུག་འཛིང་ཆེན་པོ་ཤོར་ཡོད་འདུག

དེ་ནི་ལྡི་ལིའི་རཱམ་ཇཱས་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ཚོས་མཐོ་སློབ་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་གི་སྟེང་། གཏམ་བཤད་པར་རྒྱ་གར་གྱི་མཐོ་སློབ་གྲགས་ཅན་ཇཱེ་ཨན་ཡཱུའི་(JNU)ཡི་སློབ་མ་རྩོད་རྙོག་ཅན་ཨུ་མཱར་ཁཱ་ལིཊ་(Umar Khalid)ཟེར་བ་དེ་སྐད་བཏང་ཡོད་སྟབས། ལྡི་ལིའི་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ཚོགས་པས་ངོ་རྒོལ་བྱས་ཏེ་བགྲོ་གླེང་འཚོགས་པར་འགོག་རྐྱེན་བཟོས་ཡོད་འདུག ཕྱི་ཉིན་རཱམ་ཇཱས་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་མང་པོ་ཞིག་གིས་ངོ་རྒོལ་མཚོན་ཆེད་མཐོ་སློབ་དེ་ནས་སྐོར་སྲུང་ལས་ཁུངས་མཱ་རུས་ནཱ་གྷར་བར་ཞི་བའི་གོམ་བགྲོད་བྱེད་སྐབས། སློབ་ཕྲུག་ཚོགས་པ་དེ་བསྐྱར་དུ་བསླེབས་ནས་གོམ་བགྲོད་བཀག་འགོག་བྱས་སྟབས། སློབ་ཕྲུག་ཚོགས་པ་གཉིས་བར་འཁྲུག་འཛིང་ཆེན་པོ་ཤོར་ཡོད་འདུག

འཁྲུག་འཛིང་བཀག་སྡོམ་ཆེད་རྒྱ་གར་སྐོར་སྲུང་བས་སློབ་ཕྲུག་མང་པོ་ཞིག་ལ་རྡུང་རྡེག་བཏང་ཡོད་པ་མ་ཟད། དེ་གར་ཡོད་པའི་གསར་འགོད་པ་དང་། དགེ་རྒན་དང་ལས་བྱེད་ཚོ་ལའང་དབྱུག་པས་རྡུང་རྡེག་བཏང་ཡོད་སྟབས། མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་མ་ཟད། གསར་འགོད་པ་ཚོའི་པར་ཆས་ཁ་ཤས་ཀྱང་བཅད་ཡོད་འདུག འཁྲུག་འཛིང་དེ་ཞི་འཇགས་གཏོང་ཐབས་སུ་ཉེས་རྡུང་ཚབས་ཆེན་བཏང་བའི་ནག་ཉེས་འོག་སྐོར་སྲུང་བ་ཁ་ཤས་ལས་སྣེ་ནས་གནས་དབྱུང་བཏང་འདུག

ཐེངས་འདིའི་དོན་རྐྱེན་གྱི་འབྱུང་རྩ་ཨུ་མཱར་ཁཱ་ལིཊ་(Umar Khalid)ཟེར་བ་དེ་ནི། མི་ལབ་གླེང་དང་རྙོག་གྲ་ཆེན་པོ་ཅན་ཞིག་ཡིན་པ་དང་། ཨུ་མཱར་ཁཱ་ལིཊ་(Umar Khalid)ནི་ཉེ་ལམ་ཇཱེ་ཨན་ཡཱུ་(JNU)མཐོ་སློབ་ཀྱི་སློབ་ཕྲུག་ཚོགས་པའི་རྒྱུན་ལས་བྱས་སྐབས། མཐོ་སློབ་ཀྱི་འཛིན་སྐྱོང་དང་རྒྱ་གར་གཞུང་སོགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་སྟབས། རྒྱལ་ཁབ་ཀྱི་ངོ་ལོག་པའི་མིང་ཉེས་མིང་འོག་ཉིན་ཁ་ཤས་རིང་བཙོན་འཇུག་བྱས་མྱོང་ཡོད་འདུག འོན་ཀྱང་། སྐབས་དེར་ཇཱེ་ཨན་ཡཱུའི་(JNU)དགེ་ལས་སློབ་ཕྲུག་རྣམས་ཀྱིས་ཁོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་མཐར། བཙོན་ཁང་ནས་ཕྱིར་ཀློད་དགོས་བྱུང་ཡོད་པ་མ་ཟད། མཐོ་སློབ་དེ་ནས་ཀྱང་ཕྱིར་འཕུད་གཏོང་ཐུབ་མེད་ལ། ད་ལྟ་ཇཱེ་ཨན་ཡཱུ་(JNU)མཐོ་སློབ་ཀྱི་ཞིབ་འཇུག་སློབ་མ་ཡིན་འདུག

སྐོར་སྲུང་བས་སློབ་ཕྲུག་ཚོགས་པ་གཉིས་འཁྲུག་འཛིང་བྱུང་མ་ཐག་རཱམ་ཇཱས་མཐོ་སློབ་གནས་སྐབས་རིང་སྒོ་རྒྱག་བཅུག་ཡོད་པ་དང་། འཁྲུག་འཛིང་སློང་མཁན་གྱི་སློབ་ཕྲུག་ཚོགས་པའི་མགོ་བ་རྣམས་ཀྱང་ད་ལྟ་ཉིན་ཁ་ཤས་རིང་བཙོན་ཁང་དུ་བཀག་ཉར་བྱ་རྒྱུ་ཡིན་འདུག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply