ལྷོ་ཀོ་རི་ཡའི་སྲིད་འཛིན་གནས་དབྱུང་གཏོང་རྒྱུའི་ཐག་གཅོད་བྱས།

ལྷོ་གོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱལ་ཁབ་དེའི་སྲིད་འཛིན་ལྕམ་ཕར་ཁཱི་ཡིས་སྲིད་དབང་སྒེར་སྤྱོད་དང་ལྐོག་རྔན་སྤྲོད་ལེན་བྱས་ཡོད་པའི་གནད་དོན་འོག ལས་གནས་ནས་གནས་དབྱུང་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་འདུག

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་ད་ལྟའི་སྲིད་འཛིན་ལྕམ་ཕར་ཁཱི་གྷིན་ཧི་ (Park Geun-hye) ལགས་སྲིད་འཛིན་ནས་གནས་དབྱུང་གཏོང་རྒྱུའི་ཐག་གཅོད་བཅད་ཁྲ་བཏང་ཡོད་པ་དང་། དེ་ནི་ཁོ་མོ་ཚོང་གཉེར་ཁང་ཆེ་ཁག་གི་ལྐོག་རྔན་སྤྲོད་ལེན་གྱི་ནག་ཉེས་ནང་ཚུད་པ་དང་། གནད་དོན་དེས་འདས་པའི་ཟླ་བ་འདི་དག་རིང་ལྷོ་ཀོ་རི་ཡའི་ནང་ཆབ་སྲིད་རྩོད་རྙོག་ཆེན་པོ་བསླངས་ཡོད་འདུག

ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་ཕར་ཁཱི་ལགས་ནི་རྒྱལ་ཁབ་དེའི་དམངས་གཙོའི་ལམ་ལུགས་འོག་བདམས་ཐོན་བྱུང་བའི་བུད་མེད་སྲིད་འཛིན་ཐོག་མ་དེ་ཡིན་པ་མ་ཟད། ཁོ་མོ་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ནས་གནས་དབྱུང་བཏང་བའི་བུད་མེད་སྲིད་འཛིན་ཐོག་མ་དེའང་ཆགས་ཡོད་འདུག

ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། མ་འོངས་པའི་ཉིན་ ༦༠ ནང་ལྷོ་ཀོ་རི་ཡས་སྲིད་འཛིན་གསར་བ་འོས་འདེམས་བྱ་རྒྱུ་ཡིན་འདུག ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གི་འགན་འཛིན་ལི་ཅུང་མཱེ་ (Lee Jung-mi) ལགས་ཀྱིས་ཞུ་གཏུག་སྐབས། “ང་ཚོས་ཕར་ཁཱི་གྷིན་ཧི་ལས་ཁུངས་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན། ཁོ་མོའི་བྱ་སྤྱོད་དེས་མི་མང་གི་ཡིད་ཆེས་གཡོ་བཙོང་བྱས་པ་རེད། ཁོ་མོ་དང་འབྲེལ་ཡོད་མི་སྣ་ཚོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་དང་། དེ་ནི་སུས་ཀྱང་བཟོད་སྲན་བྱེད་དཀའ་བ་ཞིག་རེད། ” ཅེས་རྗོད་འདུག

ན་ནིང་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་ནང་ལྕམ་ཕར་ཁཱི་ཡིས་སྲིད་དབང་སྒེར་སྤྱོད་དང་ལྐོག་རྔན་སྤྲོད་ལེན་བྱས་པའི་གནད་དོན་ཐོག་རྩོད་གླེང་བྱུང་སྟེ། ཁོ་མོ་སྲིད་འཛིན་ལས་ཁུངས་ནས་གནས་དབྱུང་གཏོང་དགོས་མིན་འོས་ཤོག་འཕངས་ཡོད་པ་དང་། གནད་དོན་དེ་ལ་བརྟེན་ཏེ་འདས་པའི་ཟླ་བ་འདི་དག་རིང་ལྷོ་ཀོ་རི་ཡའི་ནང་ཆབ་སྲིད་ཀྱི་རྩོད་རྙོག་ཆེན་པོ་བྱུང་ཡོད་པ་མ་ཟད། སྤྱི་ཚོགས་ཡོངས་ཟང་ཟིང་ཆགས་ཏེ་རྒྱལ་ཁབ་ལ་དཔལ་འབྱོར་གྱོང་གུད་ཆེན་པོ་ཐེབས་ཡོད་འདུག

ལྷོ་ཀོ་རི་ཡའི་ཆབ་སྲིད་རྩོད་རྙོག་དེ་ནི། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་གསར་བཟོ་དང་ཚོད་ལྟ་བྱེད་བཞིན་པའི་སྐབས་ལ་འཁེལ་ཡོད་པ་དང་། ཨ་རིའི་ཕྱོགས་ནས་རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་དང་མེ་ཤུགས་འཕུར་མདའ་གསར་བཟོ་བྱེད་བཞིན་པར་གནོན་ཤུགས་སྤྲོད་དགོས་སྐོར་བརྗོད་ཡོད་ཅིང་། རྒྱ་ནག་ཕྱོགས་ནས་ཨ་རིས་ལྷོ་ཀོ་རི་ཡའི་ནང་མེ་ཤུགས་འཕུར་མདའ་འཛིན་བྱེད་ཀྱི་འཕྲུལ་ཆས་གསར་འཛུགས་བྱེད་བཞིན་པའི་ཐད་ལ་སྐྱོན་བརྗོད་བྱས་ཡོད་པ་ལྟར། ལྷོ་བྱང་ཀོ་རི་ཡའི་རྒྱལ་ཁབ་གཉིས་དེ་ད་ཆར་ཨ་རྒྱ་གཉིས་བར་གྱི་རྩོད་གླེང་ཆགས་ཡོད།

ལྷོ་ཀོ་རི་ཡའི་ཉིན་རེའི་དཔལ་འབྱོར་འཕེལ་འགྲིབ་ཀྱི་རེའུ་མིག་ལྟར་ན། ཉེ་ལམ་ལྷོ་ཀོ་རི་ཡའི་ཆབ་སྲིད་རྩོད་རྙོག་ཐག་བཅད་དེ། སྲིད་འཛིན་གྱིས་ལས་མཚམས་བཞག་རྗེས། དཔལ་འབྱོར་ཁྲོམ་རྭའི་འཁོར་རྒྱུག་ཅུང་ཡར་རྒྱས་འགྲོ་བཞིན་ཡོད་འདུག ཧོང་ཀོང་ནང་ཡོད་པའི་ཧྥ་རན་སིའི་དཔལ་འབྱོར་འཛུགས་སྐྲུན་མཉམ་ལས་དངུལ་ཁང་གི་དཔལ་འབྱོར་རིག་པ་བ་སྐུ་ཞབས་ནཱ་གྷུ་ཡཱིན་ (Trinh Nguyen) ལགས་ཀྱིས་བརྗོད་དོན། “ལྷོ་ཀོ་རི་ཡའི་ཆབ་སྲིད་རྩོད་རྙོག་མཇུག་བསྒྲིལ་ཏེ་སྲིད་འཛིན་གསར་འདེམས་བྱུང་རྗེས། ད་ལྟའི་ལྷོ་ཀོ་རི་ཡའི་དཔལ་འབྱོར་ཁྲོམས་རྭའི་དཀའ་ངལ་སེལ་ཐུབ་པ་མ་ཟད། དུས་ཡུན་རིང་བོར་བརྩོན་ལེན་བྱེད་བཞིན་པའི་ལྷོ་ཀོ་རི་ཡའི་ཆབ་སྲིད་འཕོ་འགྱུར་དང་ངལ་རྩོལ་ཁྲོམ་རྭ་བཅོས་སྒྱུར་སོགས་ཀྱང་གླེང་སློང་བྱ་ཐུབ་ངེས་རེད།” ཅེས་བརྗོད་འདུག

སྲིད་འཛིན་གྱི་བྱས་ཉེས།

རང་ལོ་ ༦༥ ཡིན་པའི་ལྕམ་ཕར་ཁཱི་ལགས་སུ། མོ་རང་གི་གྲོགས་མོ་ཆཱོ་སོན་སཱེལ་ (Choi Soon-sil) དང་སྲིད་འཛིན་ལས་རོགས་གཉིས་ལ་ངན་འབྲེལ་དང་ཁྲིམས་འགལ་བྱས་པའི་ནག་ཉེས་ཕོག་ཡོད་པ་དང་། ལྕམ་ཕར་ཁཱི་ཡི་གྲོགས་མོ་དང་ལས་རོགས་གཉིས་ཀྱིས་སྲིད་འཛིན་རྒྱབ་དཔུང་དུ་འཁུར་ཏེ་ལྷོ་ཀོ་རི་ཡའི་ཚོང་གཉེར་ཁང་ཆེ་ཁག་གིས་ཐེབས་རྩ་ཁང་གཉིས་ལ་རོགས་དངུལ་སྤྲོད་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་དང་། རོགས་དངུལ་དེས་ཕར་ཁཱི་ཡི་ཆབ་སྲིད་སྲ་བརྟན་དང་དབང་ཤུགས་ཆེ་རུ་གཏོང་ཐབས་བྱ་རྒྱུའི་ཆེད་དུ་ཡིན་སྟབས། ད་ཆར་ཁོང་གཉིས་ལའང་ཁྲིམས་བཤེར་བྱེད་བཞིན་ཡོད་འདུག

ལྕམ་ཕར་ཁཱི་ཡིས་ད་དུང་ལག་འཁྱེར་ཁ་པར་སམ་སུང་ཚོང་གཉེར་ཚོགས་པའི་ (Samsung Group) ལྐོག་རྔན་བླངས་པའི་ནག་ཉེས་ཤིག་ཀྱང་ཕོག་ཡོད་པ་དང་། གནད་དོན་དེའི་ནང་ ༢༠༡༥ ལོར་སམ་སུང་ཚོང་གཉེར་ཁང་གཞན་གཉིས་ཀྱང་ཚུད་ཡོད་པ་དང་། ཕར་ཁཱི་ཡི་རྒྱབ་སྐྱོར་འོག་སམ་སུང་ཚོང་གཉེར་དེ་གཉིས་ཀྱིས་ལྷོ་ཀོ་རི་ཡའི་མཉམ་འབྲེལ་ཚོང་གཉེར་ཁང་ཆེས་ཤོས་ (chaebol) ལ་སྟངས་འཛིན་བྱས་ཡོད་འདུག ཡིན་ནའང་ཕར་ཁཱི་ཡིས་ནོར་འཁྲུལ་དེ་དག་ངོས་ལེན་བྱས་མི་འདུག

དེ་རིང་མི་མང་སྟོང་ཕྲག་མང་པོ་ཉེན་རྟོག་པའི་རླངས་འཁོར་གྱིས་ཁེངས་པའི་ཆེས་མཐོའི་ཁྲིམས་ཁང་གི་ཕྱི་ལོགས་སུ་འདུ་འཛོམས་བྱས་ཏེ་ངོ་རྒོལ་བྱེད་བཞིན་ཡོད་ཀྱང་ལྕམ་ཕར་ཁཱི་ཁྲིམས་ཁང་དུ་ཡོང་མེད་པ་རེད། ལྕམ་ཕར་ཁཱིའི་ལས་དོན་དེ་དག་ཁྲིམས་འགལ་ཡིན་མིན་ཁྲིམས་ཁང་གཉིས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་དེ། ལྕམ་ཕར་ཁཱི་ཁྲིམས་ཐོག་ནས་ཕམ་ཉེས་བྱུང་བ་གསལ་བསྒྲགས་བྱས་ཡོད་འདུག ཉེ་ལམ་གྲོས་ཚོགས་ནང་ལྕམ་ཕར་ཁཱི་གནས་དབྱུང་གཏོང་དགོས་མིན་འོས་ཤོག་འཕངས་རྗེས། ཁོ་མོའི་སྲིད་འཛིན་དབང་ཆ་ཕྱིར་འཐེན་བྱས་ཡོད་ནའང་། ད་ལྟའི་བར་ཁོ་མོ་སྲིད་འཛིན་ལས་ཁུངས་ (The Blue House) ནང་སྡོད་དུ་བཅུག་ཡོད་འདུག

ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་འདེབས་བྱུང་རག་བར། སྲིད་བློན་ཧ་ཝང་ཀོ་ཨན་ (Hwang Kyo-ahn) ལགས་ནས་སྲིད་འཛིན་གྱི་ལས་ཚབ་ཞུ་རྒྱུ་ཡིན་འདུག འདས་པའི་བདུན་ཕྲག་ཁ་ཤས་རིང་ལྕམ་ཕར་ཁཱི་ལས་གནས་ནས་རྩ་དགོངས་ཞུ་དགོས་མིན་ཐད། ཁོ་མོར་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་མང་སྟོང་ཕྲག་མང་པོས་སྐད་འབོད་ཁྲོམ་སྐོར་བྱས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

 

བསྐྱར་བཅོས།: ༢༠༡༧/༠༣/༡༡

Leave a Reply