ལྷོ་ཀོ་རི་ཡས་སྲིད་འཛིན་གསར་བ་བདམས།

ཁ་སང་ལྷོ་ཀོ་རིའི་ཡའི་སྲིད་འཛིན་འོས་བསྡུ་གནང་བའི་ཁྲོད་དམངས་གཙོ་ཚོགས་པའི་སྐུ་ཞབས་མཱོན་ཇ་ཨིན་ལགས་སུ་འོས་གྲངས་བརྒྱ་ཆ་ ༤༡།༠༨ ཐོབ་སྟེ་ལྷོ་ཀོ་རི་ཡའི་སྐབས་ ༡༩ བའི་སྲིད་འཛིན་རྒྱལ་ཁ་ཐོབ་ཡོད་འདུག

དེ་རིང་སྔ་དྲོར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ལྷོ་ཀོ་རི་ཡའི་སྲིད་འཛིན་འོས་བསྡུ་གནང་བའི་ཁྲོད། ལྷོ་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་མཱོན་ཇ་ཨིན་(Moon Jae-in)ལགས་སུ་འོས་ ༡༣༤༢༣༨༠༠ ཐོབ་སྟེ་བརྒྱ་ཆ་ ༤༡།༠༨ ཟིན་ཡོད་པ་དང་། རྙིང་ཞེན་ལྟ་བ་འཛིན་མཁན་རང་དབང་ཚོགས་པའི་སྐུ་ཞབས་ཧོང་ཇུན་པེའོ་(Hong Jun-pyo)ལགས་སུ་འོས་ ༧༨༥༢༨༤༩ ཐོབ་སྟེ་བརྒྱ་ཆ་ ༢༤།༠༣ ཟིན་ཡོད་འདུག སྤྱི་ཚོགས་རིང་ལུགས་པའི་ལྟ་བ་འཛིན་མཁན་མི་མང་ཚོགས་པའི་(people’s Party)སྐུ་ཞབས་ཨཱ་ཀེ་འུལ་སཱུ་(Ahn Cheol-soo)ལགས་སུ་འོས་ ༦༩༩༨༣༤༢ ཐོབ་སྟེ་བརྒྱ་ཆ་ ༢༡།༤༡ བཅས་ཟིན་ཡོད་འདུག

སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡས་འདི་ལྟར་བྲེལ་ཟིང་ཆེན་པོའི་ངང་སྲིད་འཛིན་འོས་བསྡུ་གནང་དོན་ནི། ད་ལོའི་ཕྱི་ཟླ་གསུམ་པའི་ནང་ལྷོ་ཀོ་རི་ཡའི་བུད་མེད་སྲིད་འཛིན་དང་པོ་ལྕམ་པར་ཁི་ནཱ་ཧེ་(Park Geunhye)ལགས་ཀྱིས། སཱམ་སཱུང་(Samsung)བཟོ་གྲྭ་དང་། ལཱོ་ཊི་ཚོགས་པ་(Lotte Group)གཉིས་ཀྱི་ལྐོག་རྔན་བླངས་པའི་ནག་ཉེས་འོག ཁོ་མོ་སྲིད་འཛིན་ལས་གནས་དབྱུང་བཏང་སྟབས། ལྷོ་ཀོ་རི་ཡས་དཔལ་འབྱོར་དང་ལྐོག་ཟ་རུལ་སུངས། བྱང་ཀོ་རི་ཡའི་འབྲེལ་ལམ་སོགས་ལ་དམིགས་ཏེ། ཐེངས་འདིར་བསྐྱར་དུ་སྲིད་འཛིན་གསར་པ་འོས་བསྡུ་གནང་དགོས་བྱུང་ཡོད་འདུག

སྲིད་འཛིན་ཟུར་པ་ལྕམ་པྲཀ་ལགས་སུ་སྔོན་ཆད་ལྷོ་ཀོ་རི་ཡའི་མི་མང་གིས་ “མི་མང་གི་སྲས་མོ།”(People’s Princess)ཞེས་འབོད་སྲོལ་ཡོད་ཀྱང་། ཁོ་མོའི་བྱ་སྤྱོད་དེ་དག་ཕྱི་གསལ་ནང་གསལ་ཆགས་རྗེས། ཁོ་མོའི་སྔོན་ཆད་ཀྱི་འོས་འཕེན་པ་མང་པོ་ཞིག་གིས་ཀྱང་ད་ལྟ་ཁོ་མོའི་སྟེང་ཁོང་ཁྲོ་ཟ་བཞིན་ཡོད་སྐོར་བརྗོད་འདུག ཡོན་སཱིའེ་གཙུག་ལག་སློབ་ཁང་གི་སློབ་དཔོན་ཇོན་ཌི་ལཱུ་རཱེ་(John Delury) ལགས་ཀྱིས། “ སྔོན་ཆད་སྲིད་འཛིན་པྲཀ་ལ་འོས་ལྡུག་མཁན་ཚོས་ད་ལྟ་ཁོ་མོ་ཙམ་མ་ཟད། ཁོ་མོའི་ཚོགས་པའི་ལས་ཀྱི་སྣེ་མོ་བ་ཚང་མར་ཉེས་ཆད་གཏོང་དགོས་པར་འདོད་ཀྱི་ཡོད།” ཅེས་བརྗོད་ཡོད།

ད་ལོའི་ཕྱི་ཟླ་ ༣ པའི་ནང་ལྷོ་ཀོ་རི་ཡའི་ཁྲིམས་ཁང་སྲིད་འཛིན་པྲཀ་གནས་དབྱུང་གཏོང་སྐབས། ཁོ་མོར་རྒྱབ་སྐྱོར་བྱེད་མཁན་དང་དགག་པ་རྒྱག་མཁན་ཕྱོགས་གཉིས་ཀས་ཞི་བའི་ངོ་རྒོལ་བྱས་པའི་ཁྲོད་མི་ ༣ གྱི་ཚེ་སྲོག་ཤོར་ཡོད་འདུག སྲིད་འཛིན་པྲཀ་ལ་ལྐོག་ཟ་རུལ་སུངས་དང་དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་ནག་ཉེས་ཕོག་རྗེས། སྲིད་བློན་ཧཱ་ཝང་ཀཡོ་ཨཧཱ་(Hwang Kyo-ahn)ལགས་ཀྱིས་ད་བར་སྲིད་འཛིན་ལས་ཚབ་གནང་ཡོད།

ཚད་ཐིག་དྲ་བས། འཛམ་གླིང་མི་མང་གིས་བྱང་ཀོ་རི་ཡའི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ལྷོ་ཀོ་རི་ཡར་མཚོན་ན་བྱང་ཀོ་རི་ཡའི་གནད་དོན་དེ་ཙམ་གལ་ཆེན་མིན་པར། གལ་ཆེ་ཤོས་ནི་ཉེན་ཁའི་གནས་སུ་བསླེབས་ཡོད་པའི་རང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་སོགས་ཆགས་ཡོད་འདུག བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པའི་ལས་འགན་གལ་ཆེ་ཤོས་ལྷོ་ཀོ་རི་ཡའི་དཔལ་འབྱོར་བསྐྱར་གསོ་བྱ་རྒྱུ་དེ་ཡིན་པ་དང་། ལྷོ་ཀོ་རི་ཡ་ནི་ཨེ་ཤེ་ཡའི་རྒྱལ་ཁབ་ཆེ་ཤོས་ཨང་བཞི་པ་ཡིན་པ་དང་། ད་ཆར་ལྷོ་ཀོ་རི་ཡར་ན་གཞོན་ལས་མེད་ཀྱི་གྲངས་ཀ་ཤུགས་ཆེན་པོ་འཕར་བཞིན་ཡོད་འདུག

སྐུ་ཞབས་མཱོན་ཇ་ཨིན་ལགས་ ༢༠༡༢ ལོར་སྲིད་འཛིན་ཟུར་པ་པྲཀ་ལགས་ཀྱི་ཁ་གཏད་དུ་ལངས་ཡོད་པ་དང་། ཁོང་ནི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དག་ལ་འབྲེལ་ལམ་འཛུགས་འདོད་ཡོད་མཁན་ཞིག་དང་། ཉི་མའི་འོད་མདངས་ཀྱི་སྲིད་ཇུས་(Sunshine Policy)ཞེས་པར་མོས་མཐུན་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ཁོས་ ༡༩༩༨ ནས་ ༢༠༠༨ ལོའི་བར་སྐབས་དེའི་ལྷོ་ཀོ་རི་ཡའི་སྲིད་འཛིན་སྐུ་ཞབས་རཱོཧ་མཱུ་ཧུན་(Roh Moo-hyun)ལགས་ཀྱི་འོག་ཏུ་ལས་ཀ་བྱས་མྱོང་ཡོད་པ་དང་། དེ་སྔ་ལྷོ་བྱང་ཀོ་རི་ཡའི་བར་མཐུན་ལམ་ཡོང་ཐབས་སུ་ཤུགས་མང་པོ་བསྐྱོན་ཡོད་འདུག

ལྷོ་ཀོ་རི་ཡའི་འོས་བསྡུའི་ཉིན་གཅིག་གི་སྔོན་དུ། བྱང་ཀོ་རི་ཡའི་གསར་ལམ་ཁག་ཏུ་ལྷོ་ཀོ་རི་ཡའི་རྙིང་ཞེན་གཞུང་གི་སྐོར་མང་པོ་བཀོད་ཡོད་འདུག གསར་ཤོག་ཅིག་གི་སྟེང་ “ལྷོ་ཀོ་རི་ཡའི་རྙིང་ཞེན་ཚོགས་པས་ལྷོ་བྱང་ཀོ་རི་ཡའི་དཀའ་རྙོག་འགྲིག་འཇགས་ཡོང་ཐབས་ལ་འབད་བརྩོན་མི་བྱེད་པར། སྔར་ལས་ལྷག་པར་མགོ་རྙོག་བཟོ་བཞིན་འདུག་པ་མ་ཟད། ཚོགས་པ་དེས་ལྷོ་ཀོ་རི་ཡའི་ཆབ་སྲིད་དབང་ཆ་ལོ་ ༡༠ རིང་བཟུང་ཞིང་། དུས་ཡུན་དེའི་རིང་ལྷོ་ཀོ་རི་ཡའི་གཞུང་གིས་འདས་པའི་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་གི་མེ་རོ་སླར་གསོ་བྱས་ཏེ། ཆབ་སྲིད་དང་དམག་དོན་འཁྲུག་ཆ་དོད་པོ་བཟོས་སོང་།” ཞེས་དང་། “གལ་ཏེ་རྙིང་ཞེན་ཤོག་ཁག་གི་ལག་པར་སླར་ཡང་གཞུང་གི་སྲིད་དབང་ཤོར་ན། ལྷོ་བྱང་ཀོ་རི་ཡའི་བར་ཡིད་སྐྱོ་བའི་གནས་ཚུལ་སྔར་ལས་མང་དུ་འགྲོ་རྒྱུ་རེད།” ཅེས་སོགས་འཁོད་ཡོད་འདུག

ཞིབ་འཇུག་པ་ཁ་ཤས་ཀྱིས་བརྗོད་པ་ལྟར་ན། བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་སྐོར་ལ་ད་བར་སྐྱོན་བརྗོད་མ་བྱས་པར་འཇོག་དོན་ནི། བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་བཟང་ངན་གང་ཞིག་བཤད་ཀྱང་། དེ་དག་ལྷོ་ཀོ་རི་ཡའི་རྙིང་ཞེན་ཚོགས་པར་བློ་སྤོབས་སྐྱེ་གཞི་ཞིག་ཏུ་འགྱུར་རྒྱུ་ལས་གཞན་མེད་སྟབས། གང་ཡང་མ་བཤད་པར་ཁུ་སིམ་མེར་བཞག་པ་རེད་ཟེར།

བསྐྱར་བཅོས།: ༢༠༡༧/༠༥/༡༠

Leave a Reply