གོར་ཁ་གྲངས་ཉུང་མི་རིགས་ལ་རང་སྐྱོང་མངའ་སྡེ་འཛུགས་དགོས།

ཕྱི་ཚེས་ ༡༧ ཉིན་གོར་ཁའི་གྲངས་ཉུང་མི་རིགས་དང་བྷན་གྷལ་དྲག་ཆས་ཉེན་རྟོག་དཔུང་དམག་འཁྲུག་འཛིང་ཤོར་ཏེ་མི་གསུམ་བསད་ཡོད་སྟབས་ཁ་སང་གོར་ཁའི་མི་མང་གིས་ཤི་བོའི་པུར་སྒམ་ཁུར་ནས་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཉི་མར་རྒྱ་གར་གྱི་ནུབ་བྷན་གྷལ་ (West Bengal) མངའ་སྡེའི་གྲོང་སྡེ་དར་རྒྱས་གླིང་དུ། ས་གནས་ཡུལ་མི་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ་གཟའ་སྤེན་པའི་ཉིན་ཡུལ་མི་དང་དྲག་ཆས་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཏེ་མི་ ༢ འདས་གྲོངས་སུ་ཕྱིན་པའི་པུར་སྒམ་ཁུར་ཏེ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། ཁྲོམ་སྐོར་ཐོག་མི་མང་གིས་རྒྱ་གར་གྱི་རྒྱལ་དར་འཕྱར་ཏེ་ས་གནས་མི་མང་དང་གཞུང་གི་དྲག་ཆས་ཉེན་རྟོག་པའི་བར་ཞི་བའི་གྲོས་མོལ་ཡོང་དགོས་པའི་སྐད་འབོད་བྱས་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་གྱི་འཁྲུག་འཛིང་ཁྲོད་ཡུལ་མི་ ༢ རྐྱེན་འདས་དང་མི་ ༥༠ ཡས་མས་ཤིག་ལ་རྨས་སྐྱོན་ཕོགས་ཡོད་འདུག རྒྱ་གར་དབུས་ནང་སྲིད་བློན་ཆེན་སྐུ་ཞབས་ར་རྗ་ན་ཐི་སེན་ (Rajnath Singh) མཆོག་གིས། ས་ཁུལ་དེའི་ལས་འགུལ་བ་དང་མངའ་སྡེའི་གཞུང་གཉིས་བར་གྲོས་མོལ་བྱས་ཏེ་འཁྲུག་འཛིང་ཞི་འཇགས་ཡོང་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

འཁྲུག་འཛིང་གི་འབྱུང་རྐྱེན་གཙོ་བོ་དེ་སྔོན་ནས་རྒྱ་གར་ནུབ་བྷན་གྷལ་མངའ་སྡེ་ནང་ཡོད་པའི་གོར་ཁའི་གྲངས་ཉུང་མི་རིགས་ཚོས་ཁོ་རང་ཚོར་རང་སྐྱོང་མངའ་སྡེ་ཞིག་འཛུགས་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པ་དང་། བྷན་གྷལ་མངའ་སྡེ་གཞུང་གིས་གོར་ཁའི་གྲངས་ཉུང་མི་རིགས་ཀྱིས་བལ་ཡུལ་གྱི་སྐད་ཡིག་བཀོལ་སྤྱོད་བྱས་མི་ཆོག་དང་། མངའ་སྡེའི་སློབ་གྲྭ་ཁག་ཡོངས་ལ་བྷན་གྷ་ལེ་སྐད་ཡིག་ཁོ་ན་སློབ་འཁྲིད་བྱ་རྒྱུ་གཏན་འབེབས་གསལ་བསྒྲགས་བྱས་ཡོད་སྟབས། གོར་ཁའི་ཆབ་སྲིད་ཚོགས་པ་ (Gorkha Janmukti Morcha)ཞེས་པས་སྣེ་ཁྲིད་དེ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། དེ་ལ་མངའ་སྡེའི་གཞུང་གི་དྲག་ཆས་ཉེན་རྟོག་པས་དྲག་གནོན་བྱས་ཡོད་འདུག

རྩོད་རྙོག་དེ་ཇེ་ཆེར་ཕྱིན་པ་དང་བསྟུན་ཏེ། ས་གནས་གཞུང་གིས་དར་རྒྱས་གླིང་གྲོང་སྡེའི་ཇ་ལོ་ཐོན་གཉེར་བྱེད་སའི་ས་ཁུལ་ཁག་ཏུ་དྲག་ཆས་དམག་མི་དང་སྐོར་གཡེང་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་དྲག་ཆས་ཉེན་རྟོག་དང་མི་མང་བར་འཁྲུག་འཛིང་དྲག་པོ་ཤོར་ཏེ་ཡུལ་མི་གཅིག་བསད་པ་དང་། ཉེན་རྟོག་ ༣༥ ལ་རྨས་སྐྱོན་བྱུང་ཡོད་སྐོར་ཉེན་རྟོག་ཕྱོགས་ནས་བརྗོད་འདུག

ནུབ་བྷན་གྷལ་ཉེན་རྟོག་དཔོན་པོ་ཨ་ནུ་རྗ་ཤཱར་མཱ་ (Anuj Sharma) ལགས་ཀྱིས་བརྗོད་དོན། “ངོ་རྒོལ་བྱེད་མཁན་ཚོས་ཉེན་རྟོག་པའི་རླངས་འཁོར་མེར་བསྲེགས་བཏང་བ་དང་། ལག་ཏུ་གྲི་བཟུང་སྟེ་དྲག་ཆས་དམག་མིར་རྒོལ་འཛིང་བྱས་སྐབས་མི་གཅིག་ལ་མེ་མདའ་བརྒྱབ་ནས་བསད་ཡོད་ནའང་། སྐབས་དེར་ཉེན་རྟོག་པས་རླངས་ཆུ་དང་དབྱུག་པ་མ་གཏོགས་གོ་མཚོན་གང་ཡང་བེད་སྤྱོད་བྱས་མེད” ཅེས་བརྗོད་འདུག ཡིན་ནའང་གོར་ཁའི་ཆབ་སྲིད་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་མི་མང་གིས། སྐབས་དེར་དྲག་ཆས་ཉེན་རྟོག་པས་མི་གསུམ་ལ་མེ་མདའ་བརྒྱབ་ནས་བསད་ཡོད་པ་མ་ཟད། མི་གཅིག་གི་ཕུང་པོ་ད་ལྟ་ས་གནས་སྨན་ཁང་དུ་ལྷག་ཡོད་སྐོར་བརྗོད་འདུག

ཁ་སང་གཟའ་ཉི་མའི་ཉིན་ནས་བཟུང་བྷན་གྷལ་མངའ་སྡེའི་གཞུང་གིས་དར་རྒྱས་གླིང་གྲོང་སྡེའི་སྤྱི་ཚོགས་བརྒྱུད་ལམ་ཚང་མ་བཀག་སྡོམ་བྱས་ཡོད་པ་དང་། དྲག་པོའི་ཟིང་འཁྲུག་ལ་བརྟེན་དེ་ས་ཁུལ་དེར་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ས་གནས་གཞན་དུ་ཉེན་གཡོལ་བྱེད་དགོས་བྱུང་ཡོད་འདུག

གོར་ཁའི་ཆབ་སྲིད་ཚོགས་པ་དེས་བྷན་གྷལ་མངའ་སྡེའི་དཔོན་རིགས་ཚོ་དང་ལྷན་དུ་རྩོད་རྙོག་ཐད་གྲོས་མོལ་བྱེད་རྒྱུ་བྱས་ཡོད་ཀྱང་། བྷན་གྷལ་མངའ་སྡེའི་གཞུང་གིས་རྩོད་རྙོག་དེ་རྒྱ་གར་དབུས་གཞུང་དང་ལྷན་དུ་གྲོས་མོལ་བྱེད་དགོས་པ་ཞིག་ཡིན་པ་ལས་མངའ་སྡེ་གཞུང་ལ་ཐག་གཅོད་ཀྱི་དབང་ཚད་མེད་སྐོར་བརྗོད་དེ་ངོས་ལེན་བྱས་མི་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༢༠

Leave a Reply

One thought on “གོར་ཁ་གྲངས་ཉུང་མི་རིགས་ལ་རང་སྐྱོང་མངའ་སྡེ་འཛུགས་དགོས།

  1. འཕྲིན་ལས་ཆོས་འཕེལ།

    འདི་ནང་བཀོད་པའི་གནས་ཚུལ་ནང་”དར་རྒྱས་གླིང་” འཁོད་འདུག་ན་ནོར་འདུག དངོས་ཡོད་ནི་ ཌར་རྗེ་གླིང་། བོད་སྐད་ནང་ རྡོ་རྗེ་གླིང་། རེད།