ཤི་བོའི་མྱ་ངན་གྱིས་གསོན་པོར་ངོ་རྒོལ་བྱས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༢༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་བོད་རིག་པའི་མཁས་པར་གྲགས་པ་ཨེ་ལིའོ་ཊི་སི་སྤིར་ལིང་སྐུ་གྲོངས་མ་ཐག བཙན་བྱོལ་ནང་གི་ཚོགས་སྡེ་འགའ་རེ་དང་། སློབ་གྲྭ་རེ་ཟུང་གི་དགེ་རྒན་དང་སློབ་ཕྲུག་རེ་གཉིས། དེ་བཞིན། སྤྱི་ཚོགས་སྟེང་གི་མི་སྒེར་རེ་ཟུང་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་འདས་པོ་ཁོ་བོར་མྱ་ངན་ཚོགས་འདུ་ཚོགས་སོང་། རྗེས་དྲན་རྩོམ་ཡིག་སྤེལ་སོང་། ད་དུང་འཇིག་རྟེན་འདི་ལ་ཁ་གྱེས་ཏེ་འདས་པོ་ཁོ་བོའི་རྗེས་སུ་འགྲོ་འདོད་འདུག་ཟེར་མཁན་ཡང་རེ་གཉིས་བྱུང་སོང་།

ད་སྔ་འུ་ཅག་བོད་པ་ཚང་གི་བླ་མ་མང་པོ་གཤེགས་མྱོང་། དཔོན་པོ་མང་པོ་གྲོངས་མྱོང་། དཔའ་བོ་མང་པོ་གསད་མྱོང་། མཁས་པ་མང་པོ་ཤི་མྱོང་ཡང་འདི་ལྟ་བུའི་མྱ་ངན་ཚོགས་འདུ་ཚོགས་མེད་ལ། རྗེས་དྲན་རྩོམ་ཡིག་ཀྱང་སྤེལ་མེད། དྲན་རྟེན་རྡོ་རིང་བཞེངས་ཏེ་ལོ་རྒྱུས་གསེར་ཡིག་གིས་འབྲི་འོས་པའི་བོད་དོན་ལ་རང་ལུས་མེ་རུ་སྒྲོན་མཁན་བརྒྱ་དང་བཞི་བཅུ་ལས་བརྒལ་ཡོད་ཀྱང་། ཁོང་རྣམ་པར་ད་བར་མྱ་ངན་ཚོགས་འདུ་ཚོགས་མེད་ལ་རྗེས་དྲན་རྩོམ་ཡིག་ཀྱང་སྤེལ་མེད། བོད་པའི་ལོ་རྒྱུས་ཐོག་གི་ཆེས་མུན་ནག་གི་ཉིན་མོ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་མི་འདི་དག་མཐོང་ཡུལ་ན་མེད།

སི་སྤིར་ལིང་གིས་བོད་སྐོར་ལ་རྩོམ་ཡིག་འགའ་རེ་བྲིས་པ་བདེན་ལ། བོད་དོན་ལ་རྒྱབ་སྐྱོར་ཡོད་རབས་བཤད་པའང་དངོས་ཡོད་རེད། བཙན་བྱོལ་བོད་མི་འགའ་ཡི་གྲོགས་པོ་དང་། བོད་པའི་ཚོགས་སྡེ་རེ་ཟུང་ལ་རོགས་པ་ཕྲན་བུ་བྱས་ཚོད་ཀྱང་འདུག་མོད། སྡོམ་བརྒྱབ་ན་ཁོ་བོ་མཁས་དང་མི་མཁས་དེ་ཙམ་རེད་ལ། བོད་པར་བཀའ་དྲིན་ཆེ་ཆུང་ཡང་དེ་ཙམ་རེད། མྱ་ངན་ཚོགས་འདུའི་ཐོག་གི་གཏམ་བཤད་ཁག་དང་། རྗེས་དྲན་རྩོམ་ཡིག་ནང་གི་བརྗོད་དོན་ཡོངས་རྫོགས་ཕྱིར་སློག་ནང་སློག་བྱས་ཀྱང་། སུ་དང་གང་གིས་ཁོ་བོར་གཞལ་དུ་མེད་པའི་ཤེས་ཡོན་དང་བགྲང་པར་འོས་པའི་ཕྱག་རྗེས་ཡོད་པ་གླེང་མི་འདུག

བོད་པ་འདི་ཚང་གིས་ག་དུས་ཡིན་ཡང་ག་རེ་བྱས་ཀྱང་ཚད་ལས་བརྒལ་འགྲོ་བ་འདི་ལས་ཀྱིས་བསྐོས་པ་ཡིན་ནམ་ལག་གིས་བཟོས་པ་ཡིན། བསྟོད་པ་བྲིས་ན་ལོས་ཆོག་ཀྱང་། །ཧ་ཅང་བསྟོད་པ་ཐལ་ཆེ་ན། །གང་གཱའི་ཆུ་བོ་རྒྱ་མཚོར་བཞིན། །སྨད་པའི་བ་ཚྭར་ངེས་པར་འགྱུར། ། ཞེས་པ་ལྟར་སི་སྤིར་ལིང་ལའང་མྱ་ངན་བྱེད་ལོས་ཆོག བོད་པ་བྱམས་སྙིང་རྗེ་ཡི་བདག་པོ་དང་ཆོས་དགེ་བ་ཡི་རྗེས་འཇུག་ཡིན་མོད། བོད་པའི་ཆབ་སྲིད་དང་རིག་གནས་གང་གི་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཞིག་བྱེད་དོན་མེད་ལ། གལ་སྲིད་བྱ་དགོས་ཀྱང་བྱེད་ས་ཁོ་བོ་མིན།

མདོར་བསྡུས་ན། མྱ་ངན་ཚོགས་འདུ་དང་རྗེས་དྲན་རྩོམ་ཡིག་གི་མིང་གིས་བཏགས་པའི་ལས་འགུལ་འདི་དག་ཤི་བོར་མྱ་ངན་མ་རེད་གསོན་པོར་ངོ་རྒོལ་རེད། ལས་འགུལ་འདི་དག་གི་ངོས་དང་ཟུར་ནས་བོད་མིའི་སྒྲིག་འཛུགས་ལ་ཟུར་ཟ་དང་དབུ་མའི་ལམ་ལ་ངོ་རྒོལ་བྱས་ཡོད། ༧གོང་ས་མཆོག་ལ་ཟུར་ཟ་དང་བོད་རྒྱ་ཆེའི་མི་མང་ལ་ངོ་རྒོལ་བྱས་ཡོད། སི་སྤིར་ལིང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་ཙམ་བྱས་པའི་རྒྱུ་མཚན་གྱིས་ཤི་བ་དེ་འདྲའི་རླབས་ཆེ་བར་འདོད་ན། ཁྱེད་ཅག་ཀྱང་དབུ་མའི་ལམ་གྱིས་སྔོན་ན་བཀག་མེད་ལ་ཏཱ་ལའི་བླ་མས་རྗེས་ན་བཏགས་མེད། བོད་རྒྱ་ཆེའི་མི་མང་གིས་ཀྱང་སུ་དང་གང་ལ་བོད་རང་བཙན་དོན་དུ་ཤི་མི་ཆོག་གསུང་མི་སྲིད་དོ།།

 

 

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply