ཤེས་ལྡན་མི་སྣ་ ༧༦༠ ཡིས་ཞུ་གཏུག་ཡི་གེ་ཕུལ།

ཧོང་ཀོང་དང་རྒྱལ་སྤྱིའི་ཤེས་ལྡན་མི་སྣ་ ༧༦༠ ཡིས་ཧོང་ཀོང་གཞུང་ལ་ཞུ་གཏུག་ཡི་གེ་ཕུལ་ཏེ་ཧོང་ཀོང་སྲིད་གཞུང་གསར་པས་ཧོང་ཀོང་མི་མང་གི་རང་དབང་དང་དམངས་གཙོར་རྡོག་རོལ་གཏོང་གི་ཡོད་སྐོར་བརྗོད་ཡོད་འདུག

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༥ ཉིན་ཧོང་ཀོང་དང་རྒྱལ་སྤྱིའི་ཤེས་ལྡན་མི་སྣ་ ༧༦༠ ཡིས་ཐུན་མོང་ཐོག་ཧོང་ཀོང་གཞུང་ལ་ཞུ་གཏུག་ཡི་གེ་ཞིག་ཕུལ་ཏེ། ཧོང་ཀོང་གཞུང་གིས་འདིའི་ལོ་ཕྱི་ཟླ་ ༣ པའི་ཚེས་ ༢༧ ཉིན་འཛིན་བཟུང་བྱས་བའི་ ༢༠༡༤ ལོའི་ཆར་གདུགས་གསར་བརྗེའི་ལས་འགུལ་སྣེ་ཁྲིད་པ་གཙོ་གྲས་ ༩ ལ་ཁྲིམས་ཆད་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཟླ་འདིའི་ཚེས་ ༢༥ ཉིན་ཧོང་ཀོང་ཤར་ཕྱོགས་ས་ཁུལ་གྱི་ཁྲིམས་ཁང་ཞིག་གིས། ༢༠༡༤ ལོའི་ཧོང་ཀོང་ཆར་གདུགས་ལས་འགུལ་ལ་ཇུས་འགོད་དང་སྣེ་ཁྲིད་མཁན་གཙོ་གྲས་ཧོང་ཀོང་གི་ཤེས་ལྡན་མི་སྣ་དང་སློབ་ཕྲུག་གི་མགོ་ཁྲིད། གྲོས་ཚོགས་འཐུས་མི། དམངས་གཙོ་དོན་གཉེར་བ་སོགས་མི་ ༩ ལ། མི་མང་ལ་ངན་སྐུལ་དང་སྤྱི་ཚོགས་ནང་ཟིང་འཁྲུག་བསླངས་བའི་ཉེས་མིང་འོག མི་རེར་ལོ་བདུན་རེའི་བཙོན་འཇུག་ཁྲིམས་ཆད་གཏོང་རྩིས་བྱས་པར། ཉིན་དེར་ཧོང་ཀོང་དང་རྒྱལ་སྤྱིའི་སློབ་གསོ་བ་ ༧༦༠ ལྷག་གིས་ཁྲིམས་ཁང་དང་ཧོང་ཀོང་གཞུང་ལ་ཞུ་གཏུག་ཡི་གེ་ཕུལ་ཡོད་སྟབས། གནས་སྐབས་རིང་ཁོ་ཚོའི་གྱོད་གཞི་དེ་ཕྱིར་འགྱངས་བྱས་ཡོད་པ་དང་། དམངས་གཙོའི་འཐབ་རྩོད་པ་དེ་དག་གི་རེ་སྐུལ་ལྟར་ཟླ་རྗེས་མའི་ཚེས་ ༡༥ ཉིན་གྱོད་གཞི་དེར་མངའ་སྡེ་ཆེས་མཐོའི་ཁྲིམས་ཁང་གིས་བསྐྱར་ཞིབ་བྱ་རྒྱུར་མོས་མཐུན་བྱུང་ཡོད་འདུག

ཧོང་ཀོང་དང་རྒྱལ་སྤྱིའི་ཤེས་ཡོན་པ་དག་གི་ཞུ་གཏུག་ཡི་གེའི་ནང་། “ཧོང་ཀོང་གི་སྲིད་གཞུང་གསར་བས་མི་མང་དང་ཤེས་ཡོན་པའི་འབོད་སྐུལ་ལ་དྲག་གནོན་བྱས་བ་དེས་རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་པར་དུ་ཧོང་ཀོང་གི་སློབ་ཕྲུག་ན་གཞོན་མང་པོ་ཞིག་ལ་བག་ཆགས་ངན་པ་བཞག་ཡོད་པ་མ་ཟད། དེས་ཧོང་ཀོང་ནི་གུ་ཡངས་དང་རང་དབང་གི་སྤྱི་ཚོགས་ཤིག་ཡིན་པའི་མཚན་སྙན་ལའང་གནོད་སྐྱོན་བཟོ་བཞིན་ཡོད།” ཅེས་འཁོད་འདུག

ཐེངས་འདིའི་ཞུ་གཏུག་ཡི་གེ་དེར་ཨ་རི་དང་ཁེ་ན་ཌ། ཉི་ཧོང་དང་སི་པན་སོགས་རྒྱལ་སྤྱིའི་སློབ་གསོའི་ཚོགས་སྡེ་ཁག་མི་སྣ་ ༤༨༢ ཙམ་གྱིས་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་སོགས་ནས་དགེ་རྒན་ཆེན་མོ་ ༢༨༠ ཡིས་མཚན་རྟགས་བཀོད་དེ་རྒྱབ་སྐྱོར་བྱས་ཡོད་འདུག རྒྱབ་སྐྱོར་བྱེད་མཁན་གྲས་སུ་རྒྱལ་སྤྱིའི་སྟེང་སྙན་གྲགས་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཁག་གི་དགེ་རྒན་ཆེན་མོ་མང་པོ་ཡོད་པ་མ་ཟད། དམིགས་བསལ་ཨེ་ཤ་ཡའི་དམངས་གཙོའི་ལོ་རྒྱུས་མཁས་དབང་སོགས་ཡོད་འདུག

དཔེར་ན། ཨོག་སི་ཧྥོ་ཌི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་ལཱོ་རན་སི་ཝས་ཊི་(Laurence Whitehead)ལགས་དང་། ཨ་རིའི་སི་ཊན་ཧྥོ་ཌིའི་མཁས་དབང་སྐུ་ཞབས་ལཱ་རཱེ་ཌཱ་མོན་ཌི་(Larry Diamond)སོགས་ཡོད་པ་དང་། ཁོང་ཅག་གི་ཞུ་གཏུག་ཡི་གེ་ནང་། “དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་སོགས་གཞི་རྩར་བཞག་པའི་དམངས་གཙོ་དང་རང་དབང་གི་སྤྱི་ཚོགས་ཤིག་སྲུང་སྐྱོབ་དང་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབ་ཡོད་པའི་ཀུན་སྤྱོད་ཀྱི་འོས་འགན་ཉག་གཅིག་ཡིན།” ཞེས་བཀོད་ཡོད།

རྒྱ་ནག་ལྷོ་རྒྱུད་གསར་ཁང་གི་གནས་ཚུལ་ལྟར་ན། པེ་ཅིན་མཐུན་ཕྱོགས་དང་ད་ལྟའི་ཧོང་ཀོང་སྤྱི་ཁྱབ་ལྕམ་ཀཱེར་ལཱམ་ལགས་སུ་འདིའི་ལོ་ཟླ་ ༣ པའི་ཚེས་ ༢༥ ཉིན་ཧོང་ཀོང་སྤྱི་ཁྱབ་ཀྱི་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ཧོང་ཀོང་གི་སྲིད་སྟེགས་མཐོ་ཤོས་ཀྱི་བུད་མེད་དེ་ཆགས་ཡོད་ཀྱང་། ལྕམ་ཀཱེར་ལཱམ་ཧོང་ཀོང་སྤྱི་ཁྱབ་ཀྱི་སྲིད་སྟེགས་སྟེང་བསྡད་དེ་ཉིན་གཅིག་ལས་མ་འགོར་བར་ཟླ་དེའི་ཚེས་ ༢༧ ཉིན་ཁོ་མོའི་སྲིད་གཞུང་གསར་བས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་མགོ་ཁྲིད་ ༩ ལ་ཁྲིམས་ཆད་གཅོད་རྒྱུའི་ཉེན་བརྡ་བཏང་ཡོད་འདུག

དབྱིན་ཇིའི་ལྟ་སྲུང་(The Guardian)གསར་ཁང་གི་གསར་འགྱུར་ཞིག་ཏུ། ཧོང་ཀོང་གཞུང་གིས་ད་ལྟའི་དུས་སྐབས་འདིེར་ཧོང་ཀོང་གི་དམངས་གཙོའི་འཐབ་རྩོད་པའི་མགོ་ཁྲིད་དེ་དག་ལ་ཁྲིམས་ཆད་གཅོད་རྩིས་བྱས་བ་དེས་འབྱུང་འགྱུར་ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་ནི། ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་དྲན་ལ་ཁེལ་སྟབས། ད་ལྟ་ནས་ཧོང་ཀོང་གི་དམངས་གཙོ་འཐབ་རྩོད་པ་དག་ལ་ཉེན་བརྡ་གཏོང་གི་ཡོད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འོག་ཏུ་གཏན་འབེབས་བྱས་ཡོད་པའི་ཧོང་ཀོང་གི་དམངས་གཙོ་ཡང་རིམ་བཞིན་ཡལ་སྲིད་པའི་ཉེན་ཁ་ཡོད་ཅེས་འཁོད་འདུག

 

བསྐྱར་བཅོས།: ༢༠༡༧/༠༥/༣༠

Leave a Reply