ས་ཁང་ཧམ་བཟུང་དང་ཉོ་ཚོང་བྱས་རིགས་ཐག་གཅོད་གནང་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་དབུས་ངལ་སེལ་ཚོགས་པའི་བདག་དབང་འོག་ཡོད་པའི་ས་ཁང་ལ་བཀའ་འཁྲོལ་མེད་པར་གང་འདོད་ཀྱིས་ཨར་སྐྲུན་དང་ཧམ་བཟུང་དང་གཞན་ལ་ཉོ་ཚོང་བྱས་ཡོད་པ་རྣམས་ངེས་པར་དུ་ཁྲིམས་མཐུན་བཟོ་དགོས་པའི་བཀོད་ཁྱབ་བཏང་འདུག

ཟླ་འདིའི་ཚེས་ ༡༥ ཉིན་བཀའ་ཤག་གི་བཀོད་ཁྱབ་བཏང་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ངལ་སེལ་ཚོགས་པས་སྤུས་ཉོ་གནང་བའི་ས་ཆ་དང་། འབྲེལ་ཡོད་ཚོགས་སྡེ་དང་སྒེར་པ་གང་ཞིག་ནས་ནང་སྲིད་ལས་ཁུངས་ལ་རྩིས་འབུལ་ཞུས་པའི་ས་ཁང་རྣམས་ཀྱི་བདག་དབང་བཅས་དབུས་ངལ་སེལ་ཚོགས་པར་ཡོད་པ་ལས་གཞིས་མི་སུ་ལའང་མེད་སྟབས། གཅིག དབུས་ངལ་སེལ་ཚོགས་པ་ནས་བཀའ་འཁྲོལ་མེད་པར་ཨར་སྐྲུན་ཧམ་བཟུང་བྱས་རིགས་ལ་རྒྱ་གར་གྲོང་སྡེ་ལས་ཁུངས་ཀྱི་མ་གནས་ཇི་ཡིན་རྩིས་བསྐོར་གྱིས་ཉེས་ཆད་འགེལ་རྒྱུ་དང་། གཉིས་པ། ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་མ་བྱས་སྔོན་བཀའ་འཁྲོལ་མེད་པར་རང་འཚམས་ཨར་སྐྲུན་དང་ཧམ་བཟུང་བྱས་རིགས་ལ་རྒྱ་གར་གྲོང་སྡེ་ལས་ཁུངས་ཀྱི་མ་གནས་ཀྱི་ཕྱེད་འབབ་ཉེས་ཆད་འགེལ་རྒྱུ། གསུམ། གཞིས་མི་ནང་ཁུལ་སྡོད་ཁང་ཚོང་སྒྱུར་བྱས་རིགས་ལ་ཉོ་མཁན་ནས་ཕི་ཊི་གྲུ་བཞི་མ་རེ་ལ་ཧིན་སྒོར་ ༡༥༠ རེ་དང་། ཚོང་མཁན་ནས་སྒོར་ ༣༥༠ རེ་བསྡུ་སྒྲུབ་བྱེད་དགོས་པ་དང་ས་ཁང་ཕྱིར་སློག་བྱུང་སྟེ་རང་བདག་ཐུབ་ན་ཐེངས་གཅིག་གོ་སྐབས་སྤྲོད་རྒྱུ་ཡིན་པ་རེད། བཞི། ཉེས་ཆད་མ་སྒྲུབ་ཚེ་ས་ཁང་སྒྲིག་གཞི་དོན་ཚན་ ༦ ནང་གསེས་ ༢ པའི་ནང་བོད་ཀྱི་ཡུལ་མིའི་ལས་འགན་མ་སྒྲུབ་མཁན་དུ་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ་དང་། ནང་མིར་རྒན་བྱིས་རོགས་རམ་དང་། རྒྱབ་གཉེར་ཁག ཕྱི་རྒྱལ་ཁག་ཏུ་སྤྱི་སྒེར་གྱི་བསྐྱོད་རྒྱུར་དགོས་མཁོ་སྦྱོར་སྤྲོད་ཇི་ཡོད་བཀག་གཅོད་གནང་རྒྱུ་ཡིན་འདུག

གཞན། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་ས་ཆ་བོགས་མ་གནང་མཁན་རྒྱ་གར་མངའ་སྡེ་གཞུང་དང་། བོགས་མ་ལེན་མཁན་དབུས་བོད་མིའི་ངལ་སེལ་ཚོགས་པ་ཡིན་ཞེས་གསལ་བ་ལྟར། གནས་ཡུལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་མངའ་གཞུང་སོ་སོ་ནས་བོགས་མར་གནང་བའི་ས་ཁང་ཚོང་བསྒྱུར་དང་། ཕུལ་སྦྱིན་ཇི་བྱས་གཤམ་གསལ་ལྟར་སྒྲིག་མཐུན་བཟོ་ཕྱོགས་ཐད། དགོན་སྡེ་གྲྭ་ཚང་དང་སློབ་གྲྭ། སྨན་ཁང་། མཉམ་འབྲེལ། བུ་བཅོལ་ཁང་། ཚོགས་པ་སྐྱིད་སྡུག་ཁག་ལྟ་བུ་ཡིན་ན་ས་ཆ་ཨེ་ཀར་རེར་ཧིན་སྒོར་ ༥༠༠༠ གི་ཉེས་ཆད་དང་། ཁྲིམས་གྲོན་ཇི་བབས་འབྲེལ་ཡོད་སོ་སོས་སྤྲོད་དགོས་པ།

མི་སྒེར་པའམ་སྒེར་བདག་རིགས་ཡིན་ན་ས་ཆ་ཨེ་ཀར་རེར་ཧིན་སྒོར་ ༡༠༠༠༠ དང་ཁྲིམས་གྲོན་ཇི་བབས་འབྲེལ་ཡོད་སོ་སོས་སྤྲོད་དགོས་པ། ཁྲིམས་ཐོག་མི་གཅིག་ལ་ས་ཆ་ཨེ་ཀར་གཅིག་ལས་བདག་དབང་མེད་པས་ཁྱིམ་ཚང་སྒེར་སོ་སོའི་ཐོབ་སྐལ་ལས་ལྷག་པའི་ས་ཆ་ཉོ་ཚོང་དང་། ཕུལ་སྦྱིན་བྱས་ཡོད་རིགས་ལ་མིང་སྒྱུར་དེབ་འགོད་བྱ་རྒྱུ་མིན་པས་དོ་བདག་ཉོ་ཚོང་བྱེད་མཁན་གཉིས་བར་ཁྲིམས་མཐུན་བཟོ་ཕྱོགས་ཇི་མཆིས་ནང་སྲིད་ལས་ཁུངས་ལ་སྙན་གསེང་ཞུས་ཏེ་གཙང་བཟོ་བྱ་དགོས་པ། དེ་བཞིན། ཡུལ་མིར་ས་ཆ་ཚོང་བསྒྱུར་བྱས་རིགས་ཡུལ་ཁྲིམས་ལ་ཞུ་གཏུག་བྱས་ཏེ་ས་ཆ་ཕྱིར་ལེན་ཐུབ་པ་བྱ་དགོས། ཡུལ་ཁྲིམས་ལ་ཞུ་གཏུག་འབྲེལ་ཡོད་སོ་སོས་བྱ་དགོས་པ་དང་། དེའི་སྐོར་ནང་སྲིད་ལས་ཁུངས་ལ་སྙན་གསེང་ཞུ་དགོས་པ་བཅས་ཀྱི་བཀོད་ཁྱབ་བཏང་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༢༢

Leave a Reply