ས་ག་ཟླ་བ་སྲུང་གཙི་མི་བྱེད་པའི་འགན་ལེན་དགོས།

རྒྱ་ནག་གཞུང་གིས་ས་ག་ཟླ་བའི་ནང་བུ་ཕྲུག་ཚོ་རྨོངས་དད་དང་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་སུ་འཇུག་མི་རུང་ལ། རང་ཉིད་ཀྱང་མི་ཞུགས་པའི་འགན་ལེན་དགོས་པའི་བཀའ་རྒྱ་བསྒྲགས།

ལོ་རེའི་བོད་ཟླ་བཞི་པ་སྟེ་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལྷུམས་སུ་ཞུགས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བ་ཞིག་ཡིན་སྟབས། ཟླ་བ་འདིའི་ནང་བོད་མི་ཚོས་ཡར་ལྷ་ལ་མཆོད་པ་དང་། མར་སྤྲང་པོར་སྦྱིན་གཏོང་། མཆོད་མཇལ་ཕྱག་སྐོར་སོགས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་སྣ་མང་སྒྲུབ་བཞིན་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གཞུང་ནས་ཟླ་བ་འདིའི་ནང་ཆོས་ཕྱོགས་ཀྱི་འདུ་འཛོམས་བྱེད་སྒོར་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། གཞུང་གི་ལས་བྱེད་དང་སློབ་ཕྲུག་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་གང་ལའང་ཞུགས་མི་ཆོག་པའི་བཀའ་རྒྱ་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ལྷ་ས་གྲོང་ཁྱེར་མཁར་གྲོང་ཁུལ་རྗེ་འབུམ་སྒང་སློབ་ཆུང་གི་ཡིག་ཚང་ནས་བཀའ་རྒྱ་ཞིག་སྤེལ་བའི་ནང་། གོང་རིམ་སློབ་གསོ་ཚན་པ་ཁག་གི་བརྡ་ཐོའི་ནང་དོན་གཞིར་བཟུང་། ངེད་སློབ་གྲྭའི་དགེ་སློབ་དང་རྒྱབ་ཕྱོགས་ལས་དོན་མི་སྣ་ཡོངས་ལ་ས་ག་ཟླ་བའི་ཆོས་ལུགས་དུས་ཆེན་དང་། ཟླ་མཆོད་དུས་ཆེན་ངལ་གསོའི་རིང་རྣམ་པ་འདྲ་མིན་གྱི་ཆོས་ལུགས་བྱེད་སྒོ་ཡོད་ཚད་ལ་ཞུགས་མི་ཆོག་པའི་བཀའ་རྒྱ་ནན་པོ་བཏང་ཡོད་པས། ཁྱིམ་བདག་རྣམ་པས་སྔར་མུས་བཞིན་སློབ་གྲྭའི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་སྟེ། རེ་བ་ནན་པོས་བུ་ཕྲུག་ཚོ་རྨོངས་དད་དང་། ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་སུ་འཇུག་མི་རུང་ལ། རང་ཉིད་ཀྱང་མི་ཞུགས་པའི་འགན་ལེན་ཡོད་པ་མཁྱེན། ཞེས་བཀོད་འདུག

དེ་བཞིན་ལྷ་སར་གནས་མཇལ་དུ་ཡོང་བའི་འབྲོག་པ་ཞིག་གིས་འདི་གའི་གསར་འགོད་པར། ཁོང་ཚོ་ལྷ་སར་བསླེབས་དུས་མགྲོན་ཁང་གི་བདག་མོ་ཞིག་གིས། དེང་སང་གོང་རིམ་གྱི་ལྟ་རྟོག་ཇེ་ནན་དུ་ཕྱིན་ཡོད་པས་མགྲོན་ཁང་དང་ཟ་ཁང་སོགས་ཀྱིས་ཀྱང་ཁེ་ལས་གཉེར་རྒྱུར་གཟབ་གཟབ་དགོས་སྐོར་བརྗོད་ཡོད་པ་དང་། ཉིན་འདི་ཚོར་ཞོགས་པ་ནམ་མ་ལངས་གོང་ནས་གཙུག་ལག་ཁང་ལ་མཆོད་མཇལ་དུ་འགྲོ་མཁན་ཧ་ཅང་མང་པོ་གཅིག་ལས་གཅིག་མགྱོགས་ཀྱིས་འགྲོ་བཞིན་ཡོད་པ་དེས་ཆོས་ཀྱི་ཞིང་ཁམས་ངོ་མ་རེད་འདུག་བསམ་པའི་ཚོར་བ་སྐྱིད་པོ་ཞིག་ཡོད་ཀྱང་། བར་སྐོར་ནང་དང་ལམ་ཆེན་ས་ཚིགས་ཁག་ཏུ་དམག་མི་མང་པོས་ལྟ་སྲུང་བྱེད་བཞིན་ཡོད་པ་རྣམས་མཐོང་སྐབས། གནས་ཚུལ་ཞིག་ལྷག་པ་མིན་ནམ་བསམ་པའི་ཚོར་བའང་ཡོང་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༢༩

Leave a Reply